ཕྱིར་དྲན་ཁྲོད་ཀྱི་དབུས་ལམ་རིང་མོ།
(རེབ་གོང) པདྨ་དོན་འགྲུབ།
ཕྱིར་འདང་རེ་བརྒྱབ་ན་ཕལ་ཆེར་ལོ་གསུམ་སྔོན་གྱི་སྟོན་ཁ་ཞིག་སྟེ། ཚ་བ་ཆེ་བའི་ཉིན་དེར་ང་དང་ཨ་ཕ། ད་དུང་ཨ་ཅེ་དང་ཨ་ནེ་བཅས་ངེད་བཞི་བོ་དབུས་མཇལ་ལམ་ལ་ཆས་པ་ཡིན། ཡང་ཅིག་བཤད་ན་ལྷ་སའི་ཇོ་བོར་ལན་གཅིག་མཇལ་རྒྱུ་ནི་ཨ་ནེའི་ཚེ་གང་བོའི་སྨོན་པ་ཤོར་ས་ཉག་ཅིག་ཀྱང་ཡིན།
ཕ་ཡུལ་ནས་རྫོང་ཐོག་ཏུ་ཆུ་ཚོད་ལྔའི་ལམ་ཐག་ཡོད་པས་ཕྱི་དྲོ་ས་རུབ་ལ་ཉེ་དུས་གཞི་ནས་རྫོང་ཐོག་ཏུ་འབྱོར་བ་དང་། ཟ་ཁང་ཞིག་བཙལ་ནས་ཟ་མ་འོས་འཚམ་ཞིག་ཟོས་རྗེས་མུ་མཐུད་དུ་ལམ་ལ་ཆས་པ་ཡིན། མཚན་མོ་དེའི་མུན་པ་ནི་ནམ་རྒྱུན་ལས་ཀྱང་ཤིན་ཏུ་སྟུག་པའི་ཚོར་བ་ཞིག་སྟེར་ལ། ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་ཨ་ཕ་དང་ངེད་གཉིས་མ་གཏོགས་ཁོང་གཉིས་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་འདུག ང་རང་ཡང་གཉིད་ཁུག་པའི་ཚོར་བ་འགོག་མེད་ཅིག་སྐྱེས་ཡོང་ཡང་བདེ་འཇགས་ཀྱི་ཕྱིར་དུ་ད་དུང་ཨ་ཕ་ལ་ཁ་བརྡ་བྱེད་ཞོར་དུ་བསྡད་པ་ཡིན།
གློ་བུར་ཨ་ཕའི་ངག་ལས“འཁོར་བཀག་གི་ནུས་པ་ཤོར་འདུག”ཅེས་གཉིད་ལས་དཀྲོགས་པའི་སྐད་ཆ་དེ་བདག་གི་རྣ་ལམ་དུ་ཐོས་བྱུང་། ང་རང་དེ་མུར་ཤིན་ཏུ་འཚུབ་ཆ་ལང་ཞོར་དུ་ཨ་ནེ་དང་ཨ་ཅེ་གཉིས་གཉིད་ལས་བསླངས་པ་དང་། ངེད་གསུམ་གྱིས་མྱུར་མོར་སྐྱོབ་ཐག་བཅིངས་པ་ཡིན།སྟབས་ལེགས་པ་ཞིག་ལ་མཚན་མོ་དེར་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་རྒྱུ་ཚད་ནམ་རྒྱུན་ལས་ཉུང་ལ། རིམ་བཞིན་རླངས་འཁོར་གྱི་འགྲོས་ཚད་ཀྱང་གཞུང་ལམ་ངོས་གཟར་ཞིག་བརྒྱུད་པའི་འཕྲོར་ཇེ་དལ་དུ་ཕྱིན་ནས་མཐར་ལམ་འགྲམ་ཞིག་ནས་ཡུན་གྱིས་བསྡད། ངེད་བཞི་བོར་སྙིང་གས་ལ་ཁད་བྱེད་པའི་ཚོར་བ་ཞིག་བྱིན་ལ། ཨ་ཕས་རླངས་འཁོར་གྱི་འཁོར་ལོ་རྗེས་མའི་འཁོར་བཀག་གི་སྟེང་དུ་ཅེར་ནས་བཤད་རྒྱུར། “ད་ཐབས་བཀོད་མེད་ཡ། སྤྱིར་ནས་ཀྱང་རྙིང་རན་ལ་ཐོན་ཡོད་ཀྱང་གནད་འགག་གི་སྐབས་འདི་ལ་ཆག་སྐྱོན་བྱུང་བ་ཡིད་ལའང་མ་འཆར”ཟེར། ཚང་མ་ཅུང་ཙམ་ལྷོད་ལ་བབས་རྗེས་མྱུར་བགྲོད་གཞུང་ལམ་གྱི་མྱུར་སྐྱོབ་ཁ་པར12122ལ་འབྲེལ་གཏུག་བྱས་ནས་རོགས་རེས་བྱེད་པར་རེ་བ་ཞུས་པ་ཡིན།
འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་ནམ་ཞིག་ལ་ཉོས་པའི་སྤྱིའི་གནས་ཚུལ་དང་ཆག་སྐྱོན་བྱུང་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བཤད་རྒྱུར། “ཐེངས་འདིར་ཁྱོད་ཚོར་དོན་རྐྱེན་ཆེན་པོ་མ་བྱུང་བ་སྟབས་ཤིན་ཏུ་ལེགས་པ་རེད། རླངས་འཁོར་འདིའི་ལྷུ་ལག་སོགས་སྤྱིའི་གནས་ཚུལ་གང་གི་ཐད་ནས་ཀྱང་བདེ་འཇགས་སྤུས་ཚད་ལས་བརྒལ་བའི་ཉེན་ཁ་ཡོད་པའི་རླངས་འཁོར་གྱི་གྲས་སུ་ཐོན་ཡོད་པ་རེད། ད་དུང་དོན་དག་གཞན་ཞིག་ནི་འདྲུད་སྒམ་དུ་སྤྱིའི་ཐེག་ནུས་ལས་བརྒལ་བའི་དངོས་ཟོག་བཞག་ཡོད་པའང་འགྲིམ་འགྲུལ་དོ་དམ་གྱི་ཁྲིམས་དང་འགལ་ཡོད་པ་དང་། ལྷག་པར་ཤིན་ཏུ་ཐང་ཆད་ཡོད་པའམ་གཟུགས་གཞི་མི་བདེ་བའི་སྐབས་སུ་གཟབ་གཟབ་བྱ་དགོས་ཏེ། བདེ་འཇགས་སྒྲིག་ཁྲིམས་ལྟར་ན་ཉུང་མཐར་ཡང་བསྟུད་མར་ཆུ་ཚོད་བཞི་ལ་བསྐོར་རྗེས་སྐར་མ་ཉི་ཤུ་ལས་མི་ཉུང་བའི་ཡུན་ལ་ངལ་གསོ་དགོས”ཟེར། དེའི་རྗེས་ངས་གཞི་ནས་རླངས་འཁོར་བསྐོར་བའི་ཐད་ནས་ཀྱང་ཤེས་བྱ་མི་ཉུང་བ་ཞིག་ཡོད་པ་རྟོགས་ལ། འདི་ཡང་དཔེ་དེབ་ཀྱི་ངོས་ནས་བློ་སྦྱངས་སྐྱོར་འཛིན་ཙམ་བྱས་པས་མི་ཆོག་པར་ངེས་པར་རྒྱུན་ལྡན་འཚོ་བའི་ཁྲོད་ནས་ལག་ལེན་དུ་འཁྱོལ་རྒྱུ་གཙོ་གནད་རེད་སྙམ།
མཐར་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་གི་མན་ངག་ཡིད་ལ་དམ་པོར་བཅངས་ནས། དབུས་ལམ་རིང་མོ་འཕྲེད་ཀྱིས་བཅད་དེ་མགོ་ནག་བོད་མིའི་སེམས་ཁོང་གི་དག་ཞིང་སྟེ་གདན་ས་ལྷ་སར་འབྱོར་ནས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་སའི་ཇོ་བོ་ལ་དད་སེམས་ཀྱི་མཆོད་པ་ཕུལ་ནས་ཚེ་འདི་ཕྱིའི་བདེ་སྡུག་ཞུ་བཞིན་སྒོ་གསུམ་གུས་པས་གུས་ཕྱག་འཚལ་བ་ཡིན།
གྱེར་ཀློག་པ། སྟོབས་ལྡན་རྒྱལ། ཟླ་བཟང་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།