སེམས་ལ་ལྷུང་བའི་ཆག་སྒོ་ཞིག
(ནག་ཆུ) ཅན་རུ་དར།
སྐབས་དེར། ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད། ལོ་དེའི་དགུན་གསེང་སྐབས་ཀྱི་དགོང་མོ་ཞིག་ལ་ང་ཚོ་ནང་མི་ཚང་མས་དགོང་ཟས་ལ་རོལ་བཞིན་ཡོད། གློ་བུར་དུ། ཨ་ཁུས་ཨ་ཕ་ལ་ཁ་པར་བཏང་འདུག ཁོང་གཉིས་ཀྱིས་ཕན་ཚུན་ལ་སྐར་མ་ཁ་ཤས་ལ་ཁ་བརྡ་བྱས་སོང་། ཁོང་གཉིས་ཀྱིས་ཁ་བརྡ་བྱེད་མཚམས་བཞག་རྗེས། ཨ་ཕས་ང་ལ་ད་ལོར་ནག་ཆུ་གྲོང་ཁྱེར་གྱི་ཁ་ལོ་བའི་སློབ་གྲྭ་གཉིས་གསུམ་ཞིག་ནད་ཡམས་ཀྱིས་རྐྱེན་པས། ཟླ་བ་གསུམ་གཡས་གཡོན་ཞིག་ལ་སྒོ་རྒྱག་དགོས་བྱུང་བས། དཔལ་འབྱོར་ཐད་ལ་གྱོང་གུད་ཚབས་ཆེན་བྱུང་ཡོད་ངེས། ད་ནི་ཁོང་ཚོས་ཁ་གསབ་ཀྱི་ཚུལ་དུ་ནམ་རྒྱུན་གྱི་རིན་གོང་ལས་སྒོར་སྟོང་གཉིས་ལྷག་ཇེ་དམའ་རུ་བཏང་འདུག་ཟེར། ཁྱོད་ཀྱིས་ཁ་ལོ་བའི་ལག་ཁྱེར་ལ་ཐོ་འགོད་བྱས་ཏེ་ལག་ཁྱེར་ལེན་དགོས་ཟེར། ང་རང་ཧ་ཅང་དགའ་སྟེ་ཡ་ཡ་ཨ་ཕ་ཞེས་ལན་བཏབ་པ་ཡིན། ཉིན་ཤས་རྗེས། ང་རང་སོང་ནས་དངོས་སུ་འབྱོར་ཐོ་བཀོད་པ་ཡིན།
ངས་ཁ་པར་ཐོག་ཏུ་རིག་ཚན་དང་པོའི་དྲི་བ་དག་ཉིན་ཁ་ཤས་རིང་སྦྱངས་ཏེ་ཡིག་རྒྱུགས་བཏང་བ་ཡིན། སྟབས་ལེགས་པ་ཞིག་ལ་ཡིག་རྒྱུགས་ཀྱང་ལོན་སོང་། དེ་ནས་བཟུང་ནག་ཆུ་གྲོང་ཁྱེར་དུ་སྲིང་མོའི་ཁྱིམ་ནང་དུ་བསྡད་དེ་རིག་ཚན་གཉིས་པ་སྦྱངས་པ་ཡིན། སློབ་གྲྭ་དང་བར་ཐག་རིང་བས་གློག་གི་འཕྲུལ་རྟ་བཞོན་ནས་འགྲོ་དགོས། རླངས་འཁོར་སྦྱངས་ནས་ཉིན་བཞི་པའི་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་མལ་ནས་ཡར་ལངས་ཏེ་ཟ་མ་བཟས་རྗེས་རླངས་འཁོར་སྦྱོང་དུ་ཕྱིན། ཉིན་དེར། དེ་སྔོན་དང་མི་འདྲ་བའི་དྲོད་ལམ་ལམ་གྱི་ཉི་འོད་ཅིག་ཤར་འདུག ཕྱི་དྲོ་ཆུ་ཚོད་བཞི་པར་རླངས་འཁོར་སྦྱངས་ཚར་སོང་། ངས་བདེ་འཇགས་ཞྭ་མོ་གྱོན་ཏེ་འཕྲུལ་རྟར་བཞོན་བཞིན་ཕྱིར་ལོག ལམ་བར་དུ་དེ་རིང་ངས་རླངས་འཁོར་ཡག་པོ་བཏང་སོང་བསམས་ནས་སེམས་སྐྱིད་པོ་ཞིག་བྱུང་། གྲོང་དཀྱིལ་དུ་སླེབས་ཏེ་ལམ་གྱི་བཞི་མདོ་ཞིག་བརྒྱུད་སྐབས། གློ་བུར་དུ་ངའི་གཡས་ཕྱོགས་ནས་རླངས་འཁོར་ནག་པོ་ཞིག་གིས་འཚབ་འཚུབ་ངང་ང་དང་གདོང་ཁ་བརྒྱབ་བྱུང་། ང་རང་འཕྲུལ་རྟའི་སྟེང་ནས་བྲལ་ཏེ་སྨི་གཉིས་ཙམ་གྱི་རིང་ལ་གཡུགས་འདུག སྐབས་དེར་དངངས་སྐྲག་དང་འཇིགས་སྣང་གིས་རྐྱེན། ཧོན་འཐོར་ནས་ལུས་ལ་ན་ཟུག་ཡོད་མེད་ཀྱི་ཚོར་བ་གང་ཡང་མི་འདུག ས་ལས་ཡར་ལངས་པ་ན། རླངས་འཁོར་ནག་པོ་དེའི་ནང་ནས་རྒྱ་རིགས་བློ་མཐུན་ལོ་ན་ཅུང་ཆེ་བ་ཞིག་ངའི་ཕྱོགས་སུ་སླེབས་བྱུང་། དེ་བཞིན་ལམ་ཟུར་གྱི་མི་མང་པོས་ཀྱང་ཧོང་འཐོར་ནས་ལྟ་བཞིན་འདུག ཁོས་ལམ་སང་ངའི་འཕྲུལ་རྟ་ལམ་ཟུར་དུ་དྲུད་དེ་ང་ལ་ག་འདྲ་འདུག་སྨན་ཁང་དུ་འགྲོ་ཟེར། ང་ད་དུང་ཧོང་འཐོར་ནས་ན་ཟུག་ཡོད་མེད་གཏན་ནས་ཤེས་ཀྱིན་མི་འདུག ཅུང་ལངས་ནས་བསྡད་པ་ཡིན། ངོ་གདོང་དུ་རློན་གཤེར་གཤེར་བྱུང་བས་ལག་པས་འཕུར་ཙམ་བྱས་རྗེས་ཁྲག་ཡིན་པ་ཧ་གོ་སོང་། གཟུགས་པོར་ཡང་ན་ཟུག་ཡོད་པའི་ཚོར་སྣང་སླེབས་སོང་། ཁོས་དངངས་སྐྲག་ངང་ལམ་ཟུར་གྱི་སྨན་ཁང་གསར་པ་ཆེན་མོ་ཞིག་འདུག་པ་དེར་ཁྲིད་བྱུང་། ངས་ཕུ་བོར་ཁ་པར་བཏང་སྟེ་གནས་ཚུལ་བཤད་པས་ཕུ་བོའང་དངངས་སྐྲགས་སྐྱེས་ནས་ལམ་སང་སླེབ་ཡོང་ཟེར།
ངའི་རྐང་པར་ན་ཟུག་གིས་ལངས་ཐུབ་ཀྱིན་མི་འདུག ཕུ་བོས་ཁོ་ལ་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་ཟེར་ནས་ང་རླངས་འཁོར་ནང་དུ་ཁྲིད་སོང་། གཟུགས་པོ་ཆ་ཚང་བརྟག་དཔྱད་ལེགས་པོ་བྱས་རྗེས། སྟབས་ལེགས་པ་ཞིག་ལ་རུས་པ་ཆགས་པ་སོགས་ཀྱི་གནས་ཚུལ་ཆེན་པོ་མི་འདུག ངོ་གདོང་དང་ལག་པར་རྨ་ཁ་ཆེན་པོ་ཞིག་འདུག རྐང་པ་ཡང་སྐྲངས་ནས་འགྲོ་ཐུབ་ཀྱིན་མི་འདུག སྐབས་དེར། དུས་རྒྱུན་དུ་བདེ་འཇགས་ཞྭ་མོ་གྱོན་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་གཞི་ནས་ཤེས་བྱུང་། ཞྭ་མོས་མགོ་བོ་ལ་སྲུང་སྐྱོང་ཚད་མེད་བྱས་འདུག གལ་ཏེ་ཞྭ་མོ་མེད་ན་ཕལ་ཆེར་ཡོད་ཚད་ཚར་ཟིན་པ་འདྲ། ངས་གུང་སེང་སྐབས་སྨན་བཅོས་གང་མགྱོགས་བྱས་ནས་སློབ་དུས་རྗེས་མ་འགྲོ་ཐུབ་ཙམ་བྱུང་། ཕ་མ་དང་གཉེན་ཉེ་ཚོས་སེམས་ཁུར་ཆེན་པོ་བྱེད་ཀྱིན་འདུག དེ་དུས་ཀྱི་ན་ཟུག་དང་དངངས་སྐྲག་ནི་ད་ལྟ་ཡང་སེམས་སུ་ལྷང་ངེར་མངོན་འོངས་ཀྱིན་འདུག
གང་ལྟར། དུས་དེ་ནས་བཟུང་གཉེན་ཉེ་ཚོས་འཕྲུལ་ཆས་མང་བའི་དུས་རབས་འདིར། འགྲིམ་འགྲུལ་བདེ་འཇགས་ལ་གཟབ་ནན་བྱོས། གཡས་གཡོན་གཉིས་ལ་ཡག་པོ་ལྟོས་ཞེས་པ་སོགས་སྐུལ་མའི་ཚིག་མང་དུ་བཤད་སོང་། ངས་ཀྱང་དོན་དག་འདི་ཤིན་ཏུ་གལ་ཆེ་ཞིག་རེད་བསམ་སྟེ་རྟག་ཏུ་ཡིད་གཟབ་བྱེད་བཞིན་ཡོད།
ཚེ་སྲོག་ནི་ཆེས་བླ་ན་མེད་པ་ཞིག་ཡིན་མོད། འོན་ཀྱང་བདེ་འཇགས་ནི་བདེ་སྐྱིད་འཚོ་བའི་འགན་སྲུང་ཡིན་ལ། ཚེ་སྲོག་གི་རྨང་རྡོ་ཡང་ཡིན། བདེ་འཇགས་མེད་ཚེ་འཚོ་བར་འཇིགས་སྐྲག་གིས་ཁེངས་ལ་ཚེ་སྲོག་ཀྱང་ཤོར་ཉེན་ཆེ། ང་ཚོས་རྒྱུན་དུ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་ནི་ཆེས་མཐའ་མའི་འོས་འགན་ཞིག་རེད། མི་གཅིག་གི་བདེ་འཇགས་ནི་ཁྱིམ་ཚང་གང་བོའི་བདེ་སྐྱིད་ཅིག་རེད་ཨང་།
གྱེར་ཀློག་པ། འབྲུག་མོ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།