ཚེ་སྲོག་དང་ཆག་སྒོ།
2024.06.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 103

ཚེ་སྲོག་དང་ཆག་སྒོ།

(ཀན་ལྷོ) རྒྱ་འདུ་སངས་རྒྱས།

       ཚེ་སྲོག་ནི་སྒྲོན་མེ་བཞིན་འོད་གསལ་བ་དང་སྒྲོན་མེ་བཞིན་གཟིམ་འགྲོ་བའི་བརྒྱུད་རིམ་དེ་རེད། སྒྲོན་མེ་འོད་གསལ་དང་མཉམ་དུ་ཡོད་དུས་བདེ་སྐྱིད་ཀྱི་འོད་སྣང་དང་། སྒྲོན་མེ་བར་ཆད་ཀྱི་རླུང་གིས་སྒུལ་ཚེ་སྡུག་བསྔལ་གྱི་མུན་པའི་ཁུང་བུར་བསྡུས། དེའི་ཕྱིར། བདེ་སྡུག་གི་བར་ཐག་ནི་ཧ་ཅང་ཐུང་སྟེ། སོར་གང་གི་ཚད་དང་མིག་གཡས་གཡོན་གྱི་བར། ཁ་སྣ་གཉིས་ཀྱི་བར་དང་སྣ་ཁུང་གཉིས་ཀྱི་བར་ཐག་ཙམ་རེད། ད་གཟོད་བདེ་སྡུག་ནི་སེམས་ཀྱི་འཁྱེར་སོ་དང་འབྲེལ་ཅིང་ཚེ་སྲོག་ནི་སྐྱེ་འཆི་དང་དམ་དུ་སྦྲེལ་བ་ནི་སུས་ཀྱང་ཤེས་ནུས་སོ།  

       ཚེ་སྲོག་ནི་དེ་འདྲའི་སྟབས་བདེ་ཞིག་སྟེ་རིང་ཐུང་མ་ངེས་པའི་སྐད་ཅིག་མའི་དངོས་པོ་ཞིག་དང་། སྐྱེ་གནས་འཇིག་གསུམ་ཚང་བའི་འདུས་གྲུབ་ཀྱི་ཕུང་བོ་ཞིག་ཡིན། ད་གཟོད་ཚེ་སྲོག་སྐྱེ་ཞིང་གནས་པ། འཇིག་པའི་བར་ཐག་རེ་རེ་ནི་དུས་ཚོད་ཀྱི་ཐག་སྒྲ་ནང་བཞིན། ཚེ་སྲོག་གི་རྫས་རྒྱུན་སྔ་མ་ལ་བརྟེན་ནས་ཚེ་སྲོག་གི་རྫས་རྒྱུན་ཕྱི་མ་སྐྱེ་ཞིང་། ཚེ་སྲོག་གི་རྫས་རྒྱུན་སྔ་མ་སྔ་མ་འགག་ནས་ཕྱི་མ་ཕྱི་མར་སྐྱེ་བ་ན། ཚེ་སྲོག་ནི་མ་གཞི་ནས་རྟག་བརྟན་རང་བཞིན་དང་ཡིད་རྟོན་འཕེར་དཀའ་བ་ཞིག་ལགས་ན། ཚེ་སྲོག་ནི་རང་དང་ལྷན་དུ་སྐྱེ་རྒ་ན་འཆིའི་རྦ་ཀློང་དང་སྡེབས་པས་ཆེས་གཅེས་སུ་འོས་ཤིང་གཟབ་པར་བྱ་བ་ནི་ཚེ་སྲོག་ལས་ལྷག་ཅིག་རང་གཞན་སུ་ལའང་མེད་དོ།  །

       ལམ་གྱི་སྡོམ་དྲ་བསྣོལ་མར་སྡེབས་པ་དང་བསྟུན་དུས་ཀྱི་འཚོ་བ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན། ལས་ཀྱི་ཚེགས་སྒོ་ཆུང་ཞིང་བྱ་བ་སྟབས་བདེ་ཅན་དང་མྱུར་ཚད་ཅན་དུ་བསྒྱུར་བ་ནས་འགྲིམ་འགྲུལ་གྱི་བྱ་བ་ནི་འཚོ་བ་དང་ཁ་འབྲལ་ཐབས་གཏན་ནས་མེད་པར་གྱུར། དེའི་ཕྱིར། འཚོ་བའི་ཆ་རྐྱེན་དང་བསྡོངས་ནས་འཕྲུལ་རྟ་དང་རྐང་གསུམ་འཁོར་ལོ། རང་འགུལ་འཁོར་ལོ་དང་རླངས་འཁོར་གྱི་རིགས་སྣ་ཚོགས་བེད་སྤྱོད་བྱེད་པ་ནི་དུས་རབས་ཤིག་གི་འཕེལ་རྒྱས་དང་འཚོ་བ་ཞིག་གི་དགོས་མཁོ་ཉག་ཅིག་ཏུ་མཐོང་མོད། བདེ་འཇགས་ནི་འཚོ་བའི་རྨང་གཞི་ཡིན་ལ། བདེ་འཇགས་ཀྱི་སླད་དུ། སེམས་ཆུང་གི་དོན་དུ། གཟབ་ནན་གྱི་ཕྱིར་དུ་དགྲ་མ་ཡོང་བཟློག་པ་སྔོན་དང་། ཆར་ཤ་མ་ཡོང་ཆུ་རག་སྔོན་ལ་རྒྱག་དགོས་པས། སྐྱོབ་ཞྭ་དང་སྐྱོབ་ཐག་སོགས་ནི་ཚེ་སྲོག་གི་སྡོང་གྲོགས་ཡིན་ལ། འགྲིམ་འགྲུལ་ཉེན་རྟོག་པ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་སོགས་ནི་ཁྱོད་དང་ང་ཡི་བདེ་འཇགས་ལམ་སྟོན་གྱི་སྒྲོན་མེ་ཡིན། སྐོར་ཡིག་ནི་ཐར་བའི་ལམ་ཡིག་ཡིན། ང་ཚོས་ཅིས་ཀྱང་རྩོད་མི་དགོས་པ་ནི་འཆི་བའི་སྔ་གཞུག་ཡིན་མོད། འགྲིམ་འགྲུལ་བདེ་འཇགས་ལ་མི་གཟབ་པ་ནི་འཆི་བ་སྔ་གཞུག་བརྩད་པ་དང་མཚུངས་པས་རྐྱེན་ངན་གྱི་ལམ་ལ་མི་གཟུར་བ་ནི་བླུན་རྟགས་འབའ་ཞིག་ཏུ་མཐོང་། གདོང་ཐུག་ཅིག་གམ་འགྱེལ་ཉེས་ཤིག་གིས་འཚོ་བ་སྐྱོ་གར་གྱིས་མཇུག་བསྡུས་ཤིང་། ཉི་འོད་འཁྱིལ་བའི་ཁྱིམ་ཚང་གི་དྲོད་ཁོལ་ནི་འཁྱག་པ་རྡོ་དང་། མཛའ་བརྩེའི་མེ་ཏོག་བཞད་པའི་ཁྱིམ་མི་རེ་རེ་ནི་སྐད་ཅིག་ཉིད་ལ་སེར་བས་རྡུང་མགོ་བརྩམས། དུས་དེ་ནས་བཟུང་སྟེ་ཤུལ་ལུས་ཀྱི་བཟའ་མིའི་ངོ་གདོང་ནི་བརླན་དང་བྲལ་བའི་ས་གཞི། ཆུ་དང་གྱེས་པའི་ཉ་མོ་བཞིན། མིག་ཟུང་ནི་དོང་ཞབས་རིམ་པ་དགུའི་འོག་ཏུ་ལྷུང་ངོ་།  །

       ང་ཚོ་ནི་ཚོར་བ་ཤུགས་དྲགས་ལྡན་པའི་སེམས་ཅན་ཞིག་ཡིན་སྟབས། སྐྱིད་སྡུག་འོ་མ་རྒྱལ་གང་མཉམ།  ། དགེ་སྡིག་ལྷན་པ་ཁ་གང་མཉམ།  ། ཞེས་པ་ལྟར་སྐྱིད་ན་སྐྱ་ཀ་ཁྲ་མཉམ་དང་སྡུག་ན་ཕོ་རོག་ནག་མཉམ་ཡིན་པ་ལ། དཔེ་གསོན་པོ་ཞིག་གིས་ལམ་དང་སྣེ་བསྟན། སེམས་དཀར་པོ་ཞིག་གིས་ཕྱི་དང་ནང་བསློག་ན། ལོ་ལ་ལོ་སྐེག་དང་ཟླ་ལ་ཟླ་སྐེག་ཅེས་པ་ལྟར་སྐེག་དང་ཕུང་སྲིད་ཀྱི་ལས་བཙོག་པ་ནི་ཕར་ལ་བཅར་མི་དགོས་ཏེ་ཚུར་ཚུར་བཙལ་ནས་འོང་བ་ལྟར། ཆག་སྒོ་ལ་སྤྲོ་བ་ནི་སེམས་ཅན་སུ་ཡང་མེད་མོད། བྱས་ཉེས་ཀྱིས་འཕྲད་པའི་ཆག་སྒོ་ནི་རང་གི་གཡས་གཡོན་དང་མདུན་རྒྱབ་ན་འཚང་ཁ་ཤིག་ཤིག་བཞིན་ཚབས་ཆེ། དེ་ནི་གཟབ་ནན་ལ་སྒྱིད་ལུག་དང་བདེ་འཇགས་ལ་ལེ་ལོའི་དབང་དུ་ཤོར་བ་ཡིན་ལས་ཆེ་སྟེ། གན་ནས་འཕྲུལ་རྟ་ཞིག་གི་གདོང་ཐུག་དང་འདི་ནས་རླངས་འཁོར་ཞིག་གི་གདོང་ཐུག་ཅིག་ནས་དབང་རྩ་བཟི་བཞིན་རླངས་འཁོར་སྐོར་བའི་ཆག་སྒོ། ཉིག་ནས་མགྱོགས་ཚད་བརྒལ་ནས་ལམ་འགྲམ་ལྡང་བའི་དོན་རྐྱེན་སོགས་ཐག་རིང་དཔེ་རུ་སྦྱོར་མི་དགོས་ཏེ། ཐག་ཉེ་རང་གི་ལྟེ་ཁྲག་འཕོ་ས། ཕ་ས་ཕ་ཡུལ་འདི་རུ་ལོ་རེ་རེར་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་དང་འབྱུང་བཞིན་པ་ནི་མངོན་སུམ་གྱི་ཚད་མ་ཉིད་དོ།  །

       རྡོ་ཆེ་གེ་མོ་ནི་སྡེ་བའི་མི་ཡིན་ལ། ཕོ་ལོ་བཞི་བཅུའི་སྐས་རྐང་ནས་ཁྱིམ་འཁོར་བའི་འགན་འཁྲི་ཡོད་ཚད་ཁོ་གཅིག་པུའི་ཐོག་ཏུ་ལྗིད་ཏིག་གེར་བབས་ཡོད། ཁོ་ནི་དཀོན་མཆོག་ལ་དད་པ་དང་རྒྱུ་འབྲས་ལ་བློ་མིག་ལྡན་པའི་བཟའ་དཔོན་ཞིག་ཡིན་པར་མ་ཟད། ལས་ལ་བརྩོན་ཞིང་ལག་ཤེས་ཡིན་པས་ཁྱིམ་ཚང་གི་ལྟོ་རྒྱབ་ཐད་སྐེ་རང་ལ་ཡོད་བཞིན་མགོ་གཞན་ལ་འདོགས་དགོས་དོན་ནི་མེད། སྟབས་མ་ལེགས་པ་ཞིག་ལ་འདི་ནས་ལུགས་ལྡོག་གིས་ལོ་འགའི་སྔ་རོལ་གྱི་ཉིན་ཞིག་གི་ཞོགས་པར། འཕྲུལ་གྱི་རྟ་དེར་ཞོན་ནས་གྲོང་ཁྱེར་གྱི་ཕྱོགས་སུ་རྒྱུག་པའི་ལམ་བར་ནས་སྙིང་རྗེའི་རྩ་མདུད་གྲོལ་ཏེ་མི་རྒན་ཞིག་འཕོངས་སུ་བཞག དེ་ལྟར་གྲོང་རྡལ་དུ་འབྱོར་ལ་ཉེ་བའི་དཀྱོག་མཚམས་ནས་རླངས་འཁོར་ཞིག་དང་གདོང་ཐུག་ཚབས་ཆེན་བརྒྱབ་པ་དེ་དོ་ནུབ་དྲན་སོས་བྱུང་། དུས་དེ་ནས་བཟུང་སྟེ་འཇིག་རྟེན་འདི་ནས་འཚོ་བའི་གོ་སྐབས་དེ་ཁོ་དང་འཕོངས་སུ་བཞག་པའི་མི་རྒན་དེ་གཉིས་སུ་ལའང་མ་ལྡན། ལས་ནི་མ་བྱས་པ་དང་མི་འཕྲད་ཅིང་། བྱས་པ་ཆུད་མི་ཟ་བ་ནི་དང་ལེན་བྱ་དགོས་མོད། འགྲིམ་འགྲུལ་གྱི་དོན་རྐྱེན་གཅིག་གིས་ཤུལ་ལུས་ཀྱི་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་ཀྱི་སེམས་རྩ་ཇི་འདྲའི་གྲང་བ་ལ། སླར་འོང་མི་སྲིད་པའི་ཚེ་སྲོག་དེ་ངན་གཤིས་ཀྱི་གོམས་ལོབས་དེས་ཁྱུར་མིད་བཏང་བ་ན། ཕྱིན་ཆད་ཐོབ་དཀའ་བའི་ལུས་རྟེན་དེ་ཆག་སྒོ་ཞིག་གི་སྣེ་ནས་འདས་པ་ན། ལེ་བདའ་དང་འཁང་ར་སུ་ལའང་འདོན་ས་མེད་མོད། འགྱོད་པ་དང་སྡུག་ཡུས་ནི་སྐལ་བའི་མཐའ་ལ་བསྲིངས་པ་བཞིན་ཤུལ་ལུས་ཀྱི་ནང་མི་དང་སྤུན་ཟླ། གཉེན་ཉེ་རེ་རེའི་སེམས་ནས་ཡལ་དུ་མེད་དོ།  །

གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།