ཚེ་སྲོག་ནི་རླུང་ཁའི་མར་མེ་འདྲ།
(མང་རྫོང) འབུམ་བྱམས་རྒྱལ།
ཚེ་སྲོག་ནི་ཁྱོད་ལ་དབང་བའི་ནོར་བུ་དགོས་འདོད་དཔུང་འཇོམས་ཡིན། ཐོབ་དཀའ་བའི་ནོར་བུ་དེས་ཁྱོད་ལ་བསོད་ནམས་ཀྱི་ཕུང་པོ་གནང་། འཛད་མཐའ་བྲལ་བའི་རྒྱུ་ནོར་དང་འབྱོར་ཕྱུག་གི་དབང་ཐང་བསྩལ། ཡིན་ཡང་། ཚེ་སྲོག་ནི་རླུང་ཁའི་མར་མེ་འདྲ། རྨུ་ཐག་རྒྱང་ལ་འཐེན་འདྲའི་གཞུང་ལམ་རིང་མོའི་སྟེང་ནས་རླངས་འཁོར་གྱི་མགྱོགས་ཚད་རྒལ་དུས་དང་། འཕྲང་འགག་དོག་མོའི་ནང་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྒྱུར་དུས། སེམས་བསམ་པ་གཞན་ལ་འཁོར་ཞིང་བློ་རིག་པར་དམ་ལྷོད་ཤོར་ན་རླུང་བུ་བཞིན་སྐད་ཅིག་མའི་དབང་ལ་འགྲོ་བའི་ཚེ་སྲོག་དེ་འཇིག་ཉེན་ཆེ།
ཚེ་སྲོག་ནི་ཁྱོད་ལ་ཐོབ་པའི་བདེ་སྐྱིད་ཀྱི་རྨང་གཞི་རེད། རང་ཁྱིམ་གྱི་ཕ་མ་བུ་གསུམ་ལྷན་དུ་འཛོམས་ཏེ་དགོད་སྒྲའི་དབྱངས་རྟ་ལྷང་ལྷང་གྱེར། ཞིམ་མངར་གྱི་བཟའ་བཏུང་མཉམ་དུ་རོལ། འོན་ཀྱང་། ཚེ་སྲོག་ནི་རླུང་ཁའི་མར་མེ་འདྲ། ཨ་རག་ཆང་གི་བྲོ་བར་རོལ་ནས་ར་བཟི་ཡི་དབང་ལ་ཤོར་དུས་དང་། ཕར་འཁྱོག་ཚུར་འཁྱོག་གི་ལམ་གཟར་གང་རུང་སྟེང་ནས་རྣམ་ཤེས་ལ་ལྷོད་གཡེང་བྱུང་དུས། གློ་བུར་བའི་བགེགས་རྐྱེན་དེ་ཐོན་ལ་ཉེ་ཞིང་། བདེ་འཚམས་དེ་ནམ་ཡང་གཞན་དབང་ན་ཡོད་པས། ཚེ་སྲོག་ལ་བདག་སྐྱོང་གང་ལེགས་བྱས་ནས་བདེ་སྐྱིད་ཀྱི་མི་ཚེར་རོལ་རྒྱུར་གལ་འགངས་ཆེ།
ཚེ་སྲོག་ནི་ཁྱོད་ཀྱིས་རྙེད་པའི་སྐལ་བཟང་གི་ས་བོན་རེད། མི་ཚེའི་གཤིན་ས་སྣུམ་པོར་རབ་ལེགས་ཀྱི་འབྲུ་གུ་གཏོར་ཏེ་གཡུར་དུ་ཟ་བའི་འབྲས་བཟང་བླངས་ཤིང་། ལྟོ་རྒྱབ་གང་རུང་གི་དུས་ཚོད་དེ་མཚར་སྡུག་གི་ལོངས་སྤྱོད་ལ་བསྟིམས། ཀུན་ཕན་བྱ་གཞག་གི་འཕྲིན་ལས་མུ་ནས་མུ་རུ་བསྐྱངས། ཡིན་ནའང་། ཚེ་སྲོག་ནི་རླུང་ཁའི་མར་མེ་འདྲ། དུས་ཀྱི་འགྲོ་འོང་དང་། ཐག་ཉེ་རིང་གི་འགྲུལ་བཞུད་དུས་སུ། འགྲིམ་འགྲུལ་ཉེན་རྟོག་པའི་མཛུབ་སྟོན་དང་དུ་བླངས་ཏེ། ཚད་ལྡན་དལ་མགྱོགས་ཀྱི་གོ་རིམ་གཙིགས་སུ་འཛིན་རོགས། ཐེངས་འདིར་རང་ལ་ཐོབ་པའི་ཚེ་སྲོག་ལ་གཅེས་སྤྲས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ།
ཚེ་སྲོག་ནི་ཁྱོད་ཀྱི་ལམ་བར་གྱི་རྒྱགས་ཕྱེ་དང་ཕྱོགས་སྟོན་འཁོར་ལོ་རེད། དེ་ལ་བརྟེན་ནས་ཁྱོད་ལ་ཚེ་སྲོག་དར་ཞིང་རླུང་རྟ་རྒྱས། དཀའ་སྤྱད་ཀྱི་འཚོ་བར་འཐབ་འཛིང་བྱས་མཐར་གཞིས་ཁྱིམ་དྲོན་མོ་ཞིག་གི་བདག་པོ་དང་། ཐོབ་དང་གོ་ས་ཅན་གྱི་དཔོན་པོ། ནོར་དང་ལོངས་སྤྱོད་རྒྱས་པའི་ཕྱུག་པོ་སོགས་སུ་གྱུར་པ་རེད། དེ་འདྲ་རེད་ཀྱང་། ཚེ་སྲོག་དེ་རླུང་ཁའི་མར་མེ་བཞིན། འགྱུར་ལྡོག་དང་དར་རྒུད་ཅན་གྱི་མཚན་ཉིད་ཅིག དུས་དང་རྣམ་པ་ཀུན་ཏུ་འགྲུལ་བཞུད་ཀྱི་ནང་གསེས་ན་ལྐོག་གྱུར་དང་སྐད་ཅིག་མའི་བར་ཆད་མང་པོ་ཞིག་སྦས་འདུག དེས་ན་སེམས་རྒྱུད་རྣལ་ལ་ཕབ་སྟེ་ཚེ་སྲོག་ལ་བདག་དོམ་རྒྱག་རྒྱུ་མ་བརྗེད།
ཚེ་སྲོག་ནི་ཁྱོད་ཀྱི་འཇིག་རྟེན་ལ་དྲོད་སྣང་སྩོལ་བའི་མེ་ཕུང་དང་མི་ཚེའི་བགྲོད་ལམ་ལ་མཚར་སྡུག་གི་ཁ་དོག་འབེབ་བྱེད་ཀྱི་ཚོན་མདངས་རེད། དེ་ལྟར་ཁྱོད་ཀྱི་ཁ་རྗེ་དབང་ཐང་ཡར་དར་དང་འདོད་དོན་མཛད་འཕྲིན་ལྷུན་གྱིས་གྲུབ། རེད་ཀྱང་། མཉམ་འཇོག་རྒྱུ་ཞིག་ལ། སྙི་ཞིང་ཕྲ་བའི་ཚེ་སྲོག་དེ་རླུང་ཁའི་མར་མེ་འདྲ། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ནི་དམིགས་འབེན་གྱི་སྙིང་བོ་དང་། ཕྱོགས་སྟོན་གློག་དམར་ལྗང་ནི་ཚེ་སྲོག་གི་བརྡ་རྟགས་གསོན་པོ་ཞིག་ཡིན་པས། ནམ་ཡང་དེ་ནི་མིག་འབྲས་བཞིན་བརྩི་འཇོག་དང་ཟུངས་ཁྲག་ལྟར་གཅེས་པར་འཛིན་དགོས།
ཚེ་སྲོག་ནི་ཁྱོད་ཀྱི་ཁོར་ཡུག་དེའི་མུན་པ་སེལ་བའི་སྒྲོན་མེ་དང་བྱམས་བརྩེ་ལྷུགས་པོར་གྲོལ་བའི་ཨ་མའི་ནུ་ཞོ་ཡིན། ཁྱོད་ལ་ལང་ཚོའི་འཚར་ལོངས་རྒྱས་ཤིང་བཟའ་ཚང་དང་བུ་རྒྱུད་བསྐྱངས། འོན་ཀྱང་། རླངས་འཁོར་གྱི་ཁ་བསྒྱུར་བཟུང་སྟེ་ཉིན་བཞུད་མཚན་བཞུད་ངང་དུས་ཚོད་ཡུན་རིང་འགྱངས་ན་གྲི་ཁ་སོར་ཁའི་ཉེན་ཁ་ཡོད། བྱ་བ་བྲེལ་ཟིང་རྒྱང་དུ་སྤྱུགས་ཤིང་ཚེ་སྲོག་ལ་བརྩི་འཇོག་གནང་རྒྱུ་མ་བརྗེད། བྱ་བ་ཆུང་ཆུང་ཞིག་གི་ཆེད་དུ་གནད་དོན་ཆེན་པོ་ཞིག་མི་འབྱུང་བའི་ངེས་པ་ག་ལ་ཡོད།
ཚེ་སྲོག་ཁྱོད་ལ་ཐོབ་པ་ནི་ཁྱོད་ཀྱི་བསོད་ནམས་རེད། སྐལ་བཟང་རེད། བདེ་སྐྱིད་རེད། ཕྱྭ་གཡང་རེད། ཕུགས་འདུན་རེད། …… ཁྱོད་ལ་དབང་བའི་ཡོད་ཚད་རེད། རིང་ལ་ཐུང་བའི་མི་ཚེ་འདིར་འགྲིམ་འགྲུལ་བདེ་འཇགས་ཡོང་རྒྱུ་ནི་ཚེ་གང་བོའི་འགྲོ་རིམ་གལ་ཆེན་ཞིག་དང་། དགའ་བདེ་སྐྱིད་གསུམ་གྱི་འཚོ་བ་ཡག་པོ་ཞིག་རོལ་རྒྱུ་ནི་ཨ་ཕའི་རེ་བ་ཡིན་ལ། ཨ་མའི་ཐུགས་འདུན་རེད། བདག་གཞན་ཡོད་དོ་ཅོག་གིས་སྨོན་ལམ་འདེབས་སའི་ཞིང་སའང་རེད། དེར་བརྟེན། ཚེ་སྲོག་ནི་རླུང་ཁའི་མར་མེ་འདྲ། དུས་ཀུན་སྐར་མདའ་བཞིན་མཆེད་པའི་རླངས་འཁོར་གྱི་འགྲུལ་བཞུད་བར་ན་འཇིགས་སུ་རུང་བའི་འཆི་བདུད་ཀྱིས་ཁྱོད་ལ་བར་ཆད་སྣ་ཚོགས་གཏོང་བཞིན་པ་སེམས་ནས་མ་འབོར། རིན་ཆེན་གསེར་དངུལ་ལས་བྲིན་པའི་ཚེ་སྲོག་ཕྲ་མོ་དེར་བདག་སྐྱོང་གང་ལེགས་དང་གཅེས་པ་སྙིང་ནས་རྒྱག་རྒྱུ་མ་བརྗེད།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།