ངའི་ཨ་ཕ་དང་རླངས་འཁོར་ཁ་ལོ་བའི་ལག་ཁྱེར།
(ཟི་ལིང) གླེ་གཞུག་པད་མ་སྐྱབས།
སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ས་གོམ་གང་ལ་འགྲོ་དགོས་ཀྱང་འཕྲུལ་རྟ་དང་རླངས་འཁོར་ལ་བརྟེན་བཞིན་པའི་དུས་སྐབས་འདིར། རྟ་འདོ་བའི་ཁ་གྲངས་ཇེ་ཉུང་དང་གོང་ཚོད་ཇེ་དམའ། ཐ་ན་ཀི་ཀི་བསྭོ་བསྭོ་ཡི་དབྱངས་རྟ་བར་ནས་སྐྱ་རྩལ་ངོམ་པའི་སྟག་ཤར་ཚོའི་ལ་རྒྱའང་ཁ་བ་མཚོ་ལ་བབས་པ་བཞིན་ཞུས་ཤིང་། སྨན་ཤར་བུ་མོའི་གནས་ཡུལ་འགྲིམ་དུས་ཀྱི་ཞོན་རྟའང་ཉིན་མོའི་སྐར་མ་ཇི་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ལ། ལྷག་པར་དུ་དེང་གི་བྱིས་པ་ལོ་ཆུང་ཚོས་སྒ་སྲབ་ཐུར་གསུམ་གྱི་དབྱེ་བའང་མི་འཁོར་བའི་དུས་སྐབས་འདི་འདྲ་ཞིག་ལ། རྟའི་རིག་གནས་དང་། རྟའི་རིན་ཐང་གླེང་མི་སྲིད་པ་ནི་ཁྱི་ཡིས་རྩྭ་མི་ཟ་བའི་དཔེ་རུ་ཟད་པས། དྲང་མོར་བཤད་ན་རང་སེམས་ལ་ན་ཟུག་སྐྱེས་པ་ཙམ་ལས་གཞན་ཅི་ཡང་ཕན་མི་སྲིད།
ངའི་ཨ་ཕ་ནི་དགུང་ལོ་ང་དྲུག་ལ་སོན་པའི་གནའ་དེང་གི་རིག་གནས་གང་ལའང་དགའ་ཞེན་ཆེ་བའི་ཞིང་བ་དཀྱུས་མ་ཞིག་ཡིན། ང་རང་ཆུང་དུས་སུ་ངེད་ཚང་ལ་ཅང་ཤེས་རྒོད་པོ་སྲབ་མདའ་མི་ཕོག་པའི་རྟ་མཆོག་ཅིག་ཡོད་ལ། དེ་ནི་ངེད་བཟའ་མི་གང་བོ་གནས་གང་ལ་འགྲོ་ནའང་དེང་གི་འཕྲུལ་རྟ་དང་རླངས་འཁོར་ཇི་བཞིན་འགྲིམ་འགྲུལ་བྱེད་སྤྱད་གཙོ་བོ་ཞིག་ཡིན། རྒྱུ་མཚན་ནི་སྐབས་དེར་ངེད་སྡེ་བར་ཆུ་གློག་ལམ་གསུམ་སོགས་གང་ཡང་ཐོན་མེད་ལ། ཐོན་ཡོད་པའི་དབང་དུ་བཏང་ཡང་དེང་གི་སྤྱི་ཚོགས་ཇི་བཞིན་མི་ལས་རླངས་འཁོར་མང་བའི་དུས་རབས་དང་མི་འདྲ་བར་རླངས་འཁོར་ནི་ཕར་ཞོག འཕྲུལ་རྟ་ཞིག་ཀྱང་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་མ་གཏོགས་མཐོང་མི་ཐུབ། ངའི་ཨ་ཕས་རྒྱུན་དུ་བཤད་རྒྱུར་རྟ་འདོ་བའི་གོམ་ཁ་བསྒྱུར་འདོད་ན། ཐོག་མར་བོང་སྐྱ་ལིའི་རྔོག་མར་འཐམ་དགོས་ཞེས་རྒྱུན་པར་བཤད་ཡོང་། དེ་ནི་རོང་འབྲོག་གི་འཚོ་བ་མཉམ་བསྲེས་བྱེད་པའི་ང་ཚོ་སྡེ་བར་མཚོན་ནས་བཤད་ན་སྐྱ་རྩལ་དཔེ་མེད་ཅིག་ཆགས་པའི་སྔོན་འགྲོ་ལྟ་བུའང་ཡིན།
རེད་ཡ། དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་ཞེས་པའི་དཔེ་ལྟར་དུ། ངེད་སྡེ་བ་ནི་དང་པོར་ཞིང་ཕྱུགས་གཉིས་ལས་ཕྱུགས་ལས་གཙོ་བ་དང་། བར་དུ་ཕྱུགས་རིགས་ཀྱི་རྨིག་རྗེས་བོར་ནས་ཞིང་ལས་ཁོ་ན་གཉེར་བ། མཐའ་མར་མེས་པོ་གོང་མ་དག་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་འཛིན་བཟུང་བྱས་པའི་ཕ་ས་ཕ་ཡུལ་དང་རྒྱང་དུ་གྱེས་ཏེ་སྤྱི་ལེ་དྲུག་ཅུ་ལྷག་གི་སར་ཡོད་པའི་དེང་གི་སྡེ་བ་ཡོད་སའི་གནས་འདིར་སྤར་བ་རེད། སྡེ་བ་འགའ་དང་བསྡེབས་ནས་འབྲོག་པ་ཡིན་པའི་ཕྱུགས་རིགས་ཀྱི་མཚོན་རྟགས་མེད་ལ། རོང་བ་ཡིན་པའི་ཞིང་ཚིགས་ཀྱི་ཁ་གྲངས་མེད་པའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་གྱུར་བ་ན། ཁྱིམ་ཚང་རེ་ལ་རླངས་འཁོར་རེ་དང་ཁ་ལོ་བ་ཚོར་ལག་ཁྱེར་ཡོད་མེད་སྣ་ཚོགས་ཡིན་པའི་སྐབས་འདིར། ངའི་ཨ་ཕས་རྟ་བོར་ཞོན་ན་སྲབ་མདའ་དགོས་པ་དང་། རླངས་འཁོར་བསྐོར་ན་ལག་ཁྱེར་དགོས་པའི་རེ་བ་ངེད་གཅེན་གཅུང་གཉིས་ལ་བཏོན་པ་ན། ངེད་གཉིས་ཀྱིས་ཀྱང་རང་གི་དགོས་མཁོ་དང་ཨ་ཕའི་རེ་བ་ཡིད་ལ་དམ་པོར་བཅིངས་ནས་ལག་ཁྱེར་བླངས་པ་ཡིན།
ངའི་ཨ་ཕ་ནི་སློབ་ཆུང་ལོ་རིམ་དང་པོ་ལས་འགྲིམས་མ་མྱོང་ནའང་། རང་གིས་རང་ལ་རེ་བ་ནན་མོ་བཏོན་ནས་ཁ་ལོ་བའི་ལག་ཁྱེར་མ་ལོན་ན་རླངས་འཁོར་མི་བསྐོར་བའི་དམ་བཅའ་བཞག་སྟེ། ནངས་མོར་ཁ་དོན་གྱི་བར་དང་ཉིན་གུང་ཟས་ཐུན་ཙམ་གྱི་བར། ཐ་ན་མཚན་མོར་བཟའ་མི་གང་བོས་རྨི་ལམ་གྱི་ཞིང་ཁམས་འགྲིམས་ཏེ་སྔུར་བ་ཡང་མོ་རེ་འཐེན་བཞིན་ཡོད་ནའང་ཁོང་གིས་སྔར་བཞིན་ཁ་ལོ་བའི་རྒྱུགས་གཞིར་གཟབ་ནན་སྒོས་ཀློག་ཉན་བྱེད་པ་ནི་ངས་སློབ་ཆེན་གྱི་མཐར་ཕྱིན་དཔྱད་རྩོམ་ལའང་དེ་འདྲའི་ཞིབ་ཚགས་དང་ནན་ཏན་བྱས་མྱོང་མེད་པའི་ཚོད་ཡིན།
དེ་ལྟར་ཉིན་ནས་ཉིན་དང་ཟླ་ནས་ཟླ་ལ་འབད་པ་ལྷོད་མེད་བྱས་མཐར་ལོ་ཕྱེད་ཙམ་གྱི་ནང་ཁ་ལོ་བའི་བསྐོར་ཡིག་བདེ་བླག་ངང་ལེན་ཐུབ་པ་བྱུང་བ་ནི་ཁོང་ལ་མཚོན་ན་འོས་འགན་ཞིག་དང་རྒྱུན་ལྡན་ཞིག་ཏུ་སྣང་ཡོད་མོད། འོན་ཀྱང་ངེད་བཟའ་མི་གང་བོར་མཚོན་ནས་བཤད་ན་རྒྱ་ཡིག་ནི་ཕར་ཞོག་བོད་སྐད་ཡིག་ཀྱང་ཚེག་ཀློག་བྱེད་དགོས་པའི་ཨ་ཕ་ལགས་ཀྱིས་བདེ་བླག་ངང་ལག་ཁྱེར་ལེན་ཐུབ་པ་ནི་ང་རྒྱལ་དང་གཟི་བརྗིད་ཅིག་ཏུ་སྒོམ་ཡོད།
ཨ་ཕས་ཁ་ལོ་བའི་ལག་ཁྱེར་བླངས་རྗེས་ཀྱི་ཆེས་ཐོག་མའི་སྐད་ཆ་ནི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནས་བཤད་ན་ལག་ཁྱེར་ལེན་པ་ནི་རང་གི་འོས་འགན་ཡིན་ལ། ཡང་གཅིག་བཤད་ན་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེས་ཐོག་མའི་ཤེས་བྱ་ཡིན་པར་མ་ཟད། ཁྱིམ་ཚང་གང་བོའི་བདེ་སྐྱིད་དང་། རང་ཉིད་ཀྱི་ཚེ་སྲོག་ལའང་འབྲེལ་བ་དམ་ཟབ་ཡོད་ཟེར།
སློབ་གྲྭ་ཆེ་འབྲིང་གི་སྒོ་ཐེམ་འགྲིམས་མ་མྱོང་ཞིང་། ཆུང་དུས་ནས་ནོར་ལུག་གི་རྨིག་རྗེས་དང་ཞིང་བར་གྱི་ལོ་ཏོག་གསེབ་ནས་ནར་སོན་པའི་རྒད་པོ་ཞིག་གིས་ཀྱང་སྤྱི་ཚོགས་འཆམ་མཐུན་དང་། སྤྱི་ཚོགས་བདེ་འཇགས། འགྲིམ་འགྲུལ་ཤེས་བྱའི་ཐད་ལ་རང་ཉིད་ནས་མགོ་བརྩམས་ཏེ་འདི་འདྲའི་ཤུགས་སྣོན་དང་དང་དོད་བྱེད་པ་དང་བསྡུར་ན། ང་ཚོའི་འཚོ་བའི་ཁྲོད་དུ་ལག་ཁྱེར་རྫུན་བཟོ་བྱེད་པ་དང་། ལག་ཁྱེར་མེད་པར་ཨུ་ཚུགས་ཀྱིས་བསྐོར་ཏེ་བཟའ་ཚང་ཁ་ཁར་གཏོང་བ་དང་། རང་གཞན་ཀུན་གྱི་བདེ་སྐྱིད་བརླགས་པར་མ་ཟད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་འོག་ན་འདར་སིག་སིག་བྱེད་པའི་གསར་བུ་ལོ་ཆུང་ཚོར་མཚོན་ན་ཅི་འདྲའི་ཡ་ང་བ་དང་ངོ་གནོང་དགོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་།
གྱེར་ཀློག་པ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།