ཕ་མས་བཤད་པའི་འགྲིམ་འགྲུལ་ལས་དོན། ༼ བསྡུས་རྩོམ། ༽
2024.06.29 ཁུངས། ཀློག་གྲངས། 15

ཕ་མས་བཤད་པའི་འགྲིམ་འགྲུལ་ལས་དོན།

(ཁམས་ལི་ཐང)གངས་ཆབ་ལྷ་སྲས།

བསམ་བློ་ཅུང་ཙམ་སྨིན་སོང་བ་འདྲ། ཕ་མ་གཉིས་ཀྱིས་ཅི་བཤད་པ་ཨམ་ཅོག་གཉིས་ཀྱི་ཐོས་པ་ལས་བརྒལ་ཏེ་ནང་དོན་ཅུང་རྟོགས་པའི་ཚད་དུ་བྱིན་ཡོད། ཁྱིམ་མཚེས་སར་རི་ཉུལ་བྱེད་དུ་སོང་བ་དང་། ན་ཚོད་གཅིག་པ་ཚོ་དང་ལྷན་དུ་ཡར་མར་རྩེད་དགོད་ལ་གཡེང་དུས། ཕ་མ་གཉིས་ཀྱིས་ནམ་རྒྱུན་དུ།བདེ་ཐང་དང་བདེ་འཇགས་གལ་ཆེ་ཚུལ་སོགས་རྟག་ཏུ་གླེང་། རི་སྡེའི་མཐའ་འཁོར་གྱི་གང་ནས་ཡོང་བ་མི་ཤེས་པའི་ཁྱི་ལྡོམ་དག་ལ་གཟོབས་ཞེས་མང་དུ་སྐུལ་མྱོང་། ནར་སོན་གྱི་འགྱུར་བག་ཀློང་ནས་ནང་བསམ་པའི་དཔལ་ཡོན་ལྷོད་ཀྱིས་གྲོལ་ཏེ་རྒྱས་མགོ་བརྩམས་ཤིང་། སྣ་མི་གཅིག་པའི་ལྟད་མོ་འདྲ་མིན་མཐོང་བའི་དབང་ཤེས་རེ་རེ་སྐྱེས་བཞིན་པའང་མྱོང་བས་ཚོར། དེར་བསྟུན་ནང་རི་སྡེའི་ཆུང་གྲོགས་ཚོས་རྟ་ཕོའི་ཚབ་ཏུ་ཞོན་ནས་འགྲོ་བའི་ལྕགས་རྟ་ཞེས་བརྗོད་པའི་ཡོ་བྱད་དེས་སེམས་པ་བརྐུས།

ཕ་མ་གཉིས་ཀྱིས་ང་ལ་ཕྱི་ཚུལ་མཛེས་པའི་ལྕགས་རྟ་ནག་པོ་ཞིག་ཉོས། ངས་རང་ཉིད་འགྲོ་ཕོད་སའི་ལམ་བུ་རེ་རེའི་སྟེང་དུ་ལྕགས་རྟའི་འཁོར་རྗེས་མང་དུ་དཔར། ཕ་མ་གཉིས་ཀྱིས་ང་གང་དུ་སོང་ན་མིག་གིས་འཚོས་ཡོད། ཚུར་རང་ཁྱིམ་དུ་ལོག་རག་བར་སེམས་འཁུར་གྱི་རྩ་མདུད་གྲོལ་མ་མྱོང་ཟེར་ནས་རྒྱུན་དུ་སེམས་འཁུར་བྱེད་པ་དེ་ཉིད་ཀྱི་རྩ་བར་གཏུགས་ན། སྐད་ཆ་འགའི་མཚོན་པར་བྱེད་མི་ཐུབ་ནའང་འདི་དག་གཙོ་བོ་ཡིན། རང་ལུས་ལ་བདག་སྐྱོང་བྱོས།གནས་གང་དུ་སོང་ན་བདེ་འཇགས་དང་བདེ་ཐང་གལ། ཁྱོད་ལ་དོན་རྐྱེན་ཞིག་བྱུང་ཚེ་ངེད་ཚོས་འཚོ་བ་ཇི་ལྟར་རོལ་ལྟ་བུའི་སྐད་ཆ་དང་། དེར་མཐུན་པའི་བདེ་འཇགས་གལ་ཆེ་ཚུལ་གྱི་གདམས་ངག་མང་པོ་གནང་། ངས་མི་ཡུལ་ནས་ཆེས་གལ་ཆེ་ཤོས་དེ། བདེ་ཐང་དང་བདེ་འཇགས་ཟེར་བའི་ཡིག་འབྲུ་འདི་ཚོ་ཨེ་ཡིན་ནམ་སྙམ་པས། ག་ཤེད་ཅིག་ནས་རང་ལ་དོགས་འདྲི་བྱས་ནས་སྐད་ཆ་དེ་དག་ཡིད་ཀྱི་གཏིང་རུམ་དུ་བཅུག

ལོ་དང་ཟླ་བས་ན་ཚོད་ཀྱི་མེ་ཏོག་བཅོམ་སོང་བ་འདྲ། ན་ཚོད་ཀྱིས་ལོ་ཟླ་གཉིས་ལྷམ་དང་ཞྭ་རྙིང་ལྟར་བརྗེས་པའང་མཚུངས། གང་ལྟར་རིམ་གྱིས་འཚོ་བར་འགྱུར་ལྡོག་རྒོད་པས། བློ་ཡིས་མི་དཔོག་པའི་ཚད་ཐིག་ལས་ཡིབ།རང་མགོ་ཅུང་ཐོན་པ་དང་བསྟུན་ནས་རྫོང་ཁག་ཆུང་ཆུང་དག་ལས་མགོ་འཁོར་ཏེ་འདུག་མི་བསམས་པར། ནུས་ཚོད་ཀྱིས་ས་ཆ་མང་པོར་ལྗོངས་རྒྱུར་ཕྱིན། བར་སྐབས་ཤིག་ནས་རང་ལ་དབང་ཆོག་ཆོག་གི་རླངས་འཁོར་ཞིག་ཉོ་ཐུབ་པ་བྱུང་། དེ་ནས་བཟུང་སྔོན་ཆད་ལྟར་བདེ་འཇགས་དང་བདེ་ཐང་གལ་ཆེ་ཟེར་མཁན་ནི་ཕ་མ་གཉིས་ལས་གཞན་གཉེན་ཉེ་དག་གི་ནང་དུའང་བརྗོད་མཁན་རེ་ཟུང་བྱུང་། ངས་ད་རུང་འདང་མི་ཕོག་པར་འཇིག་རྟེན་གྱི་སྟེང་ནས་ཆེས་གལ་ཆེ་ཤོས་ནི་བདེ་ཐང་དང་བདེ་འཇགས་ཟེར་བའི་ཡིག་འབྲུ་འདི་ཚོ་ཨེ་ཡིན་སྙམ།

ཕྱིས་སུ་ཁ་ལོ་བ་ཚད་ལྡན་ཞིག་ཡོང་ཕྱིར།ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་སྤྲོད་པར་ཆས་དུས་ངས་ད་གཟོད་གནས་ལུགས་ཤིག་རྙེད་སོང་།ཕ་མ་དང་གཉེན་ཉེ་མ་ཡིན་པའི་ཁོ་ཚོའི་བསམ་སྤྱོད་དང་མཚུངས་པའི་དཔུང་སྡེ་ཞིག་ཡོད་པ་མཐོང་བྱུང་། དེ་ནས་བཟུང་ངས་བདེ་ཐང་དང་བདེ་འཇགས་ཟེར་བའི་ཡིག་འབྲུ་འདི་ཚོའི་ཡང་སྙིང་རྟོགས་སོང་། ནམ་རྒྱུན་ང་ལྟ་བུའི་རྨོངས་རྟུལ་ཅན་ཚོའི་མགོ་ཐོག་ན་ཁྲིམས་ཤིག་ཡོད་པ་དང་། ཡུལ་གང་དུ་སོང་ཕྱིན་འགྲོ་འདུག་སྤྱོད་གསུམ་ལ་ངེས་པར་བདེ་འཇགས་ཀྱི་གོ་ཁྲབ་ཅིག་མཁོ་བ་རྨང་ནས་ཤེས། རྗེས་སུ་བྱ་འགུལ་ག་གེ་མོའི་བརྗོད་གཞི་དང་མི་སྣ་ཆེ་གེ་མོས་དྲིལ་བསྒྲགས་བྱེད་ཀྱིན་པ་དེ་ཡང་། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་རིན་བྲལ་བ་དེ་དག་ཡིན་པ་རྟིང་ནས་ཤེས།

ཕྱིན་ཆད་རང་ལ་དོགས་འདྲི་བྱེད་བཞིན་པའི་དྲིས་ལན་དེའང་ཡང་དག་ཅིག་ལག་སོན་བྱུང་། ངོ་མ་མི་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ནི་བདེ་ཐང་དང་བདེ་འཇགས་རེད། དེ་བས་ང་ཚོས་རང་གི་ཚེ་སྲོག་གཅེས་སྐྱོང་དང་གཞན་གྱི་ཚེ་སྲོག་ལ་གོང་བཀུར་བྱེད་ཤེས་དགོས། རང་གི་བདེ་འཇགས་ལ་འགན་སྲུང་དང་གཞན་ལ་བདེ་འཇགས་ཡོང་ཕྱིར་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་སྣང་ཚད་མེད་བྱེད་ཐུབ་དགོས། འགྲིམ་འགྲུལ་དོན་རྐྱེན་ལ་སྔོན་འགོག་བྱས་ནས་ཀུན་པོ་བདེ་ཐང་དང་བདེ་འཇགས་ཡིན་པའི་བདེ་སྐྱིད་ཀྱི་འཚོ་གཞིས་ཤིག་ཏུ་ཅིས་ཀྱང་ཁྲིད་པར་བརྩོན་ལེན་བྱ་དགོས། དེ་ནི་ཁྱོད་ཀྱི་འགན་འཁྲི་དང་ང་ཡི་འོས་འགན་རེད་ཅེས་ངས་ཀུན་ལ་བསྒྲགས།

གྱེར་ཀློག་པ། སྟོབས་ལྡན་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993