རྨོག་ཞྭ། ༼ བསྡུས་རྩོམ། ༽
2024.06.29 ཁུངས། ཀློག་གྲངས། 4

རྨོག་ཞྭ།

(དར་ལག) ཚེ་རིང་དོན་གྲུབ།

དབྱར་རྩྭ་དགུན་འབུ་བརྐོ་ལ་ཉེ་བའི་དུས་འདིར། མ་གཞི་ས་ཐག་རིང་ཞིང་ས་བབ་མཐོ་ལ། འགྲིམ་འགྲུལ་སྟབས་བདེ་མིན་པས་ལྷིང་འཇགས་གེར། ལྷུན་ཆགས་གེར་གནས་པའི་འབྲོག་ཐང་གི་སློབ་ཆུང་འདིའང་ཟང་ཟིང་ལང་ལོང་ཞིག་ཏུ་གྱུར་ཡོད། སློབ་གཙོས་ཞང་སྲིད་གཞུང་གིས་ཆོག་མཆན་ཐམ་ཀ་བརྒྱབ་པའི་སྐེ་འདོགས་ཡི་གེ་ཁུག་མ་གང་ཁྱེར་ནས་སློབ་གྲྭའི་དགེ་བཟོ་བ་ཁ་ཚང་ཚོགས་འདུར་བོས།“སང་ཉིན་ནས་དབྱར་རྩྭ་བརྐོ་མགོ་བརྩམ་རྒྱུ་ཡིན་ལ། གཟའ་མཇུག་ཏུའང་འཁེལ་ཡོད་པས། ང་དེ་མུར་ཧྲུའུ་ཅིའི་གམ་དུ་སོང་ནས་ཡི་གེ་ཁྱེར་ཡོང་ཡོད། དམིགས་བསལ་ཞུ་རྒྱུ་ཞིག་ལ་དོ་ཚིགས་དབྱར་རྩྭ་བརྐོ་རུ་འགྲོ་བའི་ཇ་མ་དང་གནས་སྐབས་དགེ་རྒན་དག་ལ་མངག་གཏོང་ཁང་གིས་ཆེད་དུ་བརྡ་ནན་མོ་བརྒྱབ་བྱུང་། རྨོག་ཞྭ་མ་གོན་ན་འཕྲུལ་རྟ་གཏན་ནས་བསྐོར་མི་ཆོག་ལ། ཁ་ལོ་བས་གོན་དགོས་པའི་མི་ཚད། གཞུག་ལ་ཞོན་པའི་མིས་ཀྱང་གོན་དགོས། དེ་དང་འགལ་ཚེ་ཆད་པ་ནན་མོ་གཅད་རྒྱུ་ཡིན་ཟེར། མ་ཟད། དེ་རིང་ཕྱི་དྲོར་གནང་བ་སྟེར་སྐབས་འཛིན་བདག་སོ་སོས་ངའི་ལག་གི་རྨོག་ཞྭའི་གལ་ཆེན་རང་བཞིན་བསྟན་པའི་ཁྱབ་བསྒྲབས་ཡི་གེ་འདི་ཁྱིམ་བདག་ཚོར་ཁ་གསལ་གོ་བདེའི་ངང་གསལ་བཤད་དང་བཅས་འཕྲོད་པར་བྱོས”ཞེས་བཤད་ཞོར་རས་ཁུག་ལས་སྐེ་འདོགས་ཡི་གེ་དང་ཁྱབ་བསྒྲགས་ཡི་གེ་བླངས་ནས་གནས་སྐབས་དགེ་རྒན་དང་འཛིན་བདག་དགེ་རྒན་སོ་སོའི་ལག་ཏུ་བཞག

ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ནི་ས་གནས་འདིར་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཆེས་མང་བའི་དུས་ཡིན་ལ། དེའི་ནང་ནས་འཕྲུལ་རྟའི་དོན་རྐྱེན་དེ་བས་ཀྱང་མང་ལ། རྨོག་ཞྭ་མི་གོན་པ་ནི་དོན་རྐྱེན་གྱི་མཇུག་འབྲས་ཡ་ང་བར་འགྱུར་རྐྱེན་གཙོ་བོ་ཡིན། མགོ་ཐང་ལ་འགྱེལ་ནས་ཀླད་པར་ཁྲག་བཞུར་ཏེ་རིན་ཆེན་ཚེ་སྲོག་སྐད་ཅིག་དེ་ཉིད་དུ་ཕྲོགས་སོང་བའང་ཉུང་ཙམ་མིན་ཚོད་འདུག ན་ནིང་ལོ་གཅིག་པུར་རང་རེའི་ཤང་གི་ཡུལ་ཚོའི་མངའ་ཁོངས་སུ་འཕྲུལ་རྟའི་དོན་རྐྱེན་ཚབས་ཆེན་གསུམ་བྱུང་ཞིང་།མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ད་དུང་གཞན་ཞིག་དབང་ཚོར་ཉམས་པའི་ཞ་བོར་གྱུར་བ་རེད། འགྲིམ་འགྲུལ་ཉེན་རྟོག་པས་བཤད་ན་གལ་ཏེ་ཚད་ལྡན་རྨོག་ཞྭ་གོན་ཡོད་པའི་དབང་དུ་བྱས་ན་མ་མཐའ་ཡང་སྲོག་ཉེན་ལས་ཐར་ཤས་ཆེ་ཟེར།

སློབ་གྲྭའི་སྒོ་ཆེན་ཁར་སློབ་མ་ལེན་དུ་ཡོང་བའི་ཁྱིམ་བདག་རྣམས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་པ་དང་། བདེ་སྲུང་བས་ཚང་མ་ཕྲེང་སྒྲིགས་ཟེར་ནས་ཀི་འདེབས་ཀྱིན་ཡོད། སྡེ་སྡོད་ལས་བྱེད་པས་ཀྱང་རྨོག་ཞྭ་གོན་དགོས་ཚུལ་སྐོར་བརྡ་བརྒྱབ་ཡོད་ཚོད་རེད། ཁྱིམ་བདག་ཕལ་ཆེར་གྱིས་རྨོག་ཞྭ་གོན་ནས་ཐོན་འདུག སློབ་མ་རྣམས་ཀྱིས་མིག་མདུན་ན་རྨོག་ཞྭ་གོན་པའི་ཁྱིམ་བདག་ཚོར་ཧྲུག་ནས་སུ་ཞིག་རང་གི་ཁྱིམ་བདག་ཡིན་པ་མ་ཚོར་བར་ཧད་དེ་ལུས་ཡོད། འཛིན་བདག་ཚོས་རང་རང་སོ་སོའི་འཛིན་གྲྭའི་ཁྱིམ་བདག་ལོགས་སུ་བོས་ནས་རྨོག་ཞྭ་གོན་དགོས་པའི་གལ་ཆེན་རང་བཞིན་ཁྱབ་བསྒྲབས་བྱེད་པར་བྲེལ། སྐབས་དེར། གདོང་ཐུག་གི་སྒྲ་ཆེན་པོ་ཞིག་དང་མཉམ་དུ་མི་ཚོགས་དལ་འཇགས་སེར་སོང་། འཕྲུལ་རྟ་ཞོན་པའི་ན་གཞོན་ཞིག་སློབ་གྲྭའི་སྒོ་ཆེན་ཁའི་དཀྱོགས་ལམ་ནས་འཁོར་མ་ཐུབ་པར་ལམ་འགྲམ་གྱི་རྡོ་གཅལ་སྟེང་འགྱེལ་ཏེ། མགོ་ནས་ཁྲག་དམར་འཛེར་འཛེར་བྱེད།མི་འགས“ཨ་ཙི……”ཟེར་ཞོར་ན་གཞོན་དེ་སེམས་ཆུང་ངང་ཡར་བཀྱགས་ནས་རླངས་འཁོར་ནང་བཞག་སྟེ་སྨན་ཁང་དུ་དྲུད།མི་ཚོགས་ཁྲོད་ཅིག་གིས“ཨ་ཧ་བོ། རྨོག་ཞྭ་ཞིག་གོན་ཡོད་རྒྱུ་ན་ཅི་མ་རུང་། སྙིང་མ་རྗེ”ཟེར་ཞོར་མགོ་གཡུགས་གཡུགས་བྱེད། དོན་རྐྱེན་དེའི་དབང་གིས་འཛིན་བདག་ཚོས་ཁྱབ་བསྒྲགས་ཡི་གེར་གསལ་བཤད་བྱེད་མཚམས་བཞག་ནས་སློབ་མ་ཚོར་གནང་བ་བྱིན། ཁྱིམ་བདག་ཚོས་རང་གི་མགོའི་རྨོག་ཞྭར་རེག་བཞིན་འཕྲུལ་རྟའི་རྗེས་ལ་བུ་ཕྲུག་བཞག་སྟེ་ལུང་བ་རེ་རེའི་ཕུགས་སུ་འཐེན་པའི་ལམ་ཕྲན་སོ་སོར་ཕྱོགས་ནས་ཆས་སོང་།

གྱེར་ཀློག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993