ང་དང་ངའི་ཁོར་ཡུག་གི་བྱུང་བ། ༼ བསྡུས་རྩོམ། ༽
2024.07.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ང་དང་ངའི་ཁོར་ཡུག་གི་བྱུང་བ།

(རྨ་ལྷོ) ཙ་སུར་སྦྱིན་པ།

 ངས་ཡུལ་མི་ཚོར་སྐོར་བ་རྒྱག་ཐེངས་རེར།ངའི་ཕ་ཡུལ་གྱི་ཕ་དམ་པ་དྲན་ལ།ཕ་ཡུལ་གྱི་ཕ་སྐད་གཙང་མ་དེ་བས་ལྷག་ཏུ་དྲན།ད་ལོ་ནས་ལུགས་ལྡོག་གི་ཕྱིར་རྩིས་དེད་དེ་མི་ལོ་བཅུ་དགུའི་སྔ་ལོག་སྟེ།དགུན་ཟླ་ཐ་མ་རྫོགས་ཤིང་དཔྱིད་ཟླ་མགོ་མ་ཚེས་པའི་རྫོགས་པ་དང་པོ་ནི།མི་ཆུང་སྒེར་བ་རང་ལ་མཚོན་ན་གཟི་བརྗིད་དང་རྟག་གཏན་དུ་འགྱིང་བའི་རྒྱབ་རི་སྨུག་པོ་ཞིག་ས་ལ་འགྱེལ་བའི་ཕྱི་དྲོ་དེ།གནམ་ལ་སྤྲིན་ནག་འཁྲིགས་ཤིང་ས་གཞི་ཐམས་ཅད་སྐྱ་ཆད་སྔོ་སྡུག་ཏུ་གྱུར་བའི་ཉིན་མོ་དེ།ངས་ནམ་ཡང་བརྗེད་མི་སྲིད།

 ཉིན་དེར།མི་འདོད་པའི་རྐྱེན་ངན་དེས།ཡབ་ཆེན་ཕ་ལགས་ནི་གདོལ་སྤྱོད་ལྟ་བུའི་གཞན་མིའི་འཕྲུལ་རྟས་བརྒྱབ་ནས་དུས་མིན་གྱི་འཆི་བས་ཚེ་སྲོག་བཙན་གྱིས་ཕྲོགས་སོང་ལ།མི་ལ་ལས་འཕྲུལ་རྟ་ཞིག་གིས་དེ་འདྲའི་དོན་དག་ཕུད་པ་དཔེ་མི་སྲིད་ཟེར་ན་ཡང་ཐང་སྟེ།སྐྱིད་རྒྱག་ཤེས་དང་འགྲོ་འདུག་ཤེས་ཀྱིས་འཕྲུལ་ཆས་མང་པོས་དེང་སྐབས་བདེ་ཞིང་བསོར་མོ་སྐྱིད་པོས་སྣང་བ་སྦྱིན་གྱིན་ཡོད་ལ།སྤྱིར་འཕྲུལ་ཆས་རིགས་ནི་མིས་བཀོལ་སྤྱོད་ཀྱི་ཅ་ལག་ཅིག་ལས།ད་སྐབས་འགལ་རྐྱེན་དང་དོན་རྐྱེན།མིས་བཟོས་པའི་འཕྲུལ་ཆས་ཀྱིས་ཕྱིར་མི་སེམས་བསླུས་ཤིང་སེམས་ཅན་གྱི་སྲོག་འཕྲོག་པའི་འགལ་རྐྱེན་ནི།ཉིན་ནས་ཟླ།ཟླ་ནས་ལོ།ལོ་ནས་ལོ་ཇེ་མང་ནས་ཇེ་མང་དང་།ཇེ་ཐུ་ནས་ཇེ་སྡུག་ནས་འགྲོ་བའི་མཐོང་ཐོས་མྱོང་གསུམ་ནི།འདས་མ་ད་གསུམ་གང་རུང་གིས་མངོན་ཡོང་བ་བདེན་གྲུབ་ཀྱིས་བསླངས་སྲིད།

 དུས་དེ་ནས་བཟུང་།ང་ལ་ཨ་ཕ་ཞེས་པའི་ཐ་སྙད་འདི་འབོད་པའི་སྨྲ་བ་འགག་ལ་སྤོབས་པའང་དབེན་པར་གྱུར།དེ་ནས་བཟུང་སེམས་ཀྱི་གཏིང་རུམ་ལ་བསྙལ་ནས།ཉིན་དཀར་ཟས་ཀྱི་འཚོ་རྟེན་དང་།མཚན་མོ་གཉིད་ཀྱི་སྡོངས་གྲོགས་སུ་བསྒོམས།དེ་ནས་མི་ལོ་དགུའི་རྗེས་སུ།བྱམས་དང་བརྩེ་བའི་བདག་མོ་སྟེ།ངའི་ཡུམ་ཆེན་དང་གཏན་དུ་ཁ་གྱེས་སོང་།གསེར་དངུལ་གྱིས་མི་ཁུག་ཅིང་དཀའ་ཚེགས་ཀྱིས་མི་འགྲུབ་པའི་ངའི་ལུས་དང་སེམས་ལྟ་བུའི་ཡབ་ཡུམ་གཉིས།དེ་ལྟར་དམིགས་འབེན་གཞན་དོན་དུ་བཞུད་སོང་།ང་ཨ་ཕ་དང་བྲལ་བ་ནས་ཕ་ཡུལ་མེད་ལ།ང་ཨ་མ་དང་གྱེས་པ་ནས་ཕ་ས་མེད་པའི་ཚོར་ཤུགས་ཀྱིས།དུས་དེ་ནས་བཟུང་།ཨ་ཕ་དང་ཨ་མ་ཞེས་པའི་གསེར་ནག་གི་ཡིག་རྡོག་གཉིས་པོས་ཚབ་མཚོན་ལ།ཁེར་རྐྱང་བ་དང་ལམ་འགྲོ་བ་ཞེས་རང་གིས་རང་ལ་སེམས་ངལ་གསོས་པ་ཐེངས་གཅིག་ག་ལ་ཡིན།

 དུས་དེ་ནས་བཟུང་།ཡུལ་མི་ཚོར་སྐོར་བ་རྒྱག་ཐེངས་རེར།མིང་སྲིང་ཚོར་མཉམ་འཛོམས་བྱུང་བ་ཉུང་ལ།ལྷན་དུ་འཛོམས་ཐེངས་རེར་བཟའ་བཏུང་རེ་རོལ་ན་མ་གཏོགས་དུས་རྒྱུན་གྱི་འབྲེལ་འདྲིས་ཟེར་བ་དེ་མང་པོ་མེད།རྒྱུ་མཚན་རང་རང་གི་ལས་ཀྱིས་བསྡུས་པའི་ཁ་རྒྱབ་ཀྱི་ཆེད་དང་ཁྱིམ་ཚང་གི་དོན་དུ།ངལ་མེད་ཀྱི་འདུར་རྒྱུག་བསྙུར་ཞིང་ཆེ་བ་ནི་ཀུན་དང་མཚུངས་མོད།འོན་ཀྱང་།འདྲ་སའི་ནང་གི་མི་འདྲ་ས་དང་།བརྗེད་ངེས་ནང་གི་བརྗེད་མི་ཐུབ་པའི་དོན་དག་ཅིག་ཡོད་པ་ནི།ངའི་ཡབ་ཆེན་ཏེ་ཕ་རྒོད་རྡོ་རྗེ་ཚེ་བརྟན་ལགས་ནི།ཉིས་སྟོང་ལྔ་ལོའི་རྒྱ་ལོའི་ལོ་སར་གྱི་ཚེས་ལྔའི་ཕྱི་དྲོའི་ཆར།འཇིག་རྟེན་འདིའི་སྟེང་གི་ཆེས་མཐའ་མའི་འཕེན་པ་རྫོགས་ཏེ་མི་ཡུལ་འདི་དང་གཏན་དུ་གྱེས་པའི་ཉིན་མོ་ཡིན།

 དེའི་སླད་དུ།ང་འགྲིམ་འགྲུལ་དོན་རྐྱེན་ལ་དངངས་སྐྲག་སྐྱེས།རང་ཉིད་གང་ལ་འགྲོ་འདོད་ན་དེང་སྐབས་དེར་སྤྱི་པའི་རེས་འཁོར་དང་སྒེར་གྱི་གླ་འཁོར་ཡོད།རླངས་འཁོར་ལས་རང་སྣང་ཇེ་སྐྱིད་ལ་འགྲོ་ཐབས་གཞན་ཡོད་སྲིད་མོད།གཙོ་བོ་རང་སེམས་བདེ་ལ་འཇོག་པར་འཕྲུལ་ཆས་ཤིག་མིན་ན་འགྲིགདེ་བས་ཆེས་གཙིགས་ཆེན་དུ་འཛིན་དགོས་རྒྱུ་ནི་ནང་སེམས་ཀྱི་བརྩེ་འཛུམ་རེ་ཕྱིར་མངོན་དུ་འཇུག་ཐུབ་པར་བྱ་བ་ནི།དུས་ཀྱི་འགན་འཁྲི་དང་དེང་གི་མདུན་སྐྱོད་ཡིན་པ་སྨྲ་བར་སྤོབས།

  དེ་ནས་བཟུང་།བག་ལ་ཞ་བའི་ཚོར་འདུ་དང་།བྱིང་ལ་རྨུགས་པའི་སེམས་ཁམས།མ་རྙེད་རྙེད་དཀའི་རྟེན་བཟང་།དུས་ཀྱི་དེང་གི་གོམ་འགྲོས་སོགས་ལ་ཡང་ཡང་བློས་བསླངས་ཀྱིས་ཞིབ་བཤེར་བགྱིས་མཐར།ཨ་ཕ་མེད་རུང་ཕ་སྐད་ཀྱི་དོན་དུ་འབད་དགོས་ལ།ཨ་མ་མེད་རུང་མ་ཡིག་གི་ཆེད་དུ་འཚོ་དགོས་པ་ཅིས་ཀྱང་སད་རན།འདི་ནི་དུས་བདེ་ཞོད་འཇགས་ཀྱི་འཚོ་བའི་ཚེ་ནོམ་དང་།སྤྱི་ཚོགས་འཚོ་བའི་བདེ་སྡུག་གི་ལམ་ཆེན།ང་དང་ངའི་ཁོར་ཡུག་གི་བྱུང་བ་དང་།ང་དང་ངའི་ཁ་སང་དེ་རིང་གི་འཚོ་བའང་ཡིན་སྲིད།

གྱེར་ཀློག་པ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993