(མཚོ་ནུབ)འདམ་འཇིལ་ལི།
མི་ཚེ་ནི་འགྲུལ་བཞུད་ཐེངས་གཅིག་དང་ཆ་འདྲ་སྟེ། ང་བསྡད་པའི་རླངས་འཁོར་དེ་ནི་དམིགས་སའི་ཕྱོགས་སུ་བྱ་འཕུར་བ་ལྟར་ས་རྒྱ་གཅོད་ཀྱི་འདུག མིག་རྡེབ་དབང་ཙམ་དུ་རི་ཆུ་ལུང་ཐང་སོགས་ངའི་མཐོང་ལམ་གྱི་ཡོད་ཚད་ལྟག་རྒྱབ་ཏུ་ཤར་མར་འདྲེན། ས་ཆ་དང་ས་ཆའི་བར་དུ་སྐད་ཅིག་མར་བྱུང་བའི་མཐོང་ལམ་གྱི་མཛེས་ཆོས་ཐམས་ཅད་རྒྱབ་ལོགས་སུ་ཉག་མ་ཟད་ཟད་བྱེད། ལེ་དབར་དང་ལེ་དབར་གྱི་ཀློང་དུ་གློ་རྡེག་ལ་མི་སྣང་བར་གྱུར་ཚུལ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་འདས་དོན་མང་པོ་ཞིག་དུས་ཚོད་ཀྱིས་ཁྱུར་མིད་བཏང་བ་དང་འདྲ། འབར་འབུར་དང་ཀྱག་ཀྱོག་གིས་ཁེངས་པའི་འགྲུལ་བཞུད་ཁྲོད་དུ་ངའི་ལྷོད་གཡེང་ཀློང་ན་མཆི་བའི་བློ་རིག་ཉོབ་པོ་དེ་ཡང་ཁབ་སྐུད་བཞིན་དུ་ཕྲ་ཞིང་རྣོ་བར་བཏང་སྟེ། ཨ་མ་འཇིག་རྟེན་གསོན་ངོགས་སུ་ཡོད་དུས་ངའི་སེམས་ཀྱི་དབུས་སུ་བཅུག་མྱོང་བའི“ལམ་དཀར་པོ”ཞེས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་སྐྱོབ་ཐག་དེ་ལ་མིག་ཟུང་བཙུམས་ཏེ་སེམས་ཀྱིས་ཡང་ཡང་འཆང་སྡོམ་བྱས། ……
ངས་མི་ཚེའི་འགྲུལ་བཞུད་རིང་མོ་ནི་ཅིས་ཀྱང་བདེ་འཇགས་ཡིན་དགོས་སྙམ་ནས་བལྟས་ཚོད་ལ། ཁ་ལོ་བས་དཀྱོག་འཁོར་ལག་པ་ཡ་གཅིག་གིས་བསྐྱོར་ནས་དགའ་བའི་མདངས་ཕྱུང་ཞིང་ལུས་ཀྱི་ཟིལ་བསྐྱེད་དེ་རླངས་འཁོར་ཇེ་དལ་དུ་གཏང་རྩིས་ཡེ་ནས་མི་འདུག ཨ་རོག ཁྱོད་ལ་རྒྱུགས་ཡ་མེད་པས་བང་ཁ་མགྱོགས་དོན་ཅི། ཨ་ཁ་ཁ། ཁ་ལོ་བ་འདིས་སྤྱིར་ན་ཕྱི་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག་པ་དང་ནང་བཅུད་ཀྱི་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག་ཅེས་མི་རྟག་པའི་རང་བཞིན་ཤེས་ནི་ག་ལ་སྲིད། འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་བའི་གནས་ལུགས་ནི་ཐོས་ཀྱང་མྱོང་མེད་ཁ་རེད། ངའི་སེམས་སུ་ཁ་ལོ་བར་གོ་རྟོགས་དེ་ནི་ཡོད་སྲིད་པའི་དབང་དུ་བཏང་ཡང་ཁོས་རླངས་འཁོར་གྱི་མགྱོགས་ཚད་ལས་ཐོབ་པའི་སྐྱིད་སྣང་ལས་གཏིང་བརྗེད་དུ་སོང་འདུག་སྙམ་པའི་འཚུབ་ཆ་ཅུང་ལངས་བྱུང་། མི་ནི་བྲེལ་དངངས་སྐབས་སུ་སེམས་ལ་ཆ་མ་ཆོ་རིགས་མི་དྲན་དགུ་དྲན་བྱེད་པ་དཔེ་རེད་དེ། ཨ་ཧོ། ལག་མཐིལ་ལ་སྐྲང་འབུར་དང་རྐང་མཐིལ་ལ་ཆུ་བུར་བྱུང་རྒྱུ་འདིས་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྣང་དོགས་མི་བྱེད་དོན་ཅི་ཡིན་ནམ་ཞེས་ཁ་ལོ་བར་ཚིག་པ་རབ་ཏུ་ཟ་དུས། རླངས་འཁོར་ནི་གཡུལ་འགྱེད་སྐབས་གཡས་གཟུར་གཡོན་གཟུར་བྱེད་པ་ཇི་བཞིན་རི་ལམ་ཀྱག་ཀྱོག་ཅིག་ཏུ་རྒྱུག་བཞིན་འདུག ངས་སྐྱོབ་ཐག་ལ་འཇུས་ནས་ཅུང་ཙམ་ཕྱིན་པ་ན། ཁ་ལོ་བས་ང་ལ“ཝེ། ཡུམ་དུམ་པ། སྲུང་ཐག་གློད་དེ་གཉིད་ན་མི་བདེའམ”ཞེས་ཐེངས་འགའ་སྨྲས་པ་ཡང་ང་ལ་མཚོན་ན་ཤ་ཚ་བའི་གཏམ་ནི་ག་ལ་ཡིན། དེ་ལས་ལྡོག་སྟེ་འཆི་རྒྱུར་སྐྲག་ནས་ཅི་བྱེད་ཅེས་པ་དང་ཁྱད་ཅི་ཡོད་ཆ་མ་འཚལ་བར་ཨ་ལན་སྟོང་བར་བཞག
དེ་རིང་གི་འགྲུལ་བཞུད་ནི་བདེ་བར་གྱུར་ཅིག་ཨང་། བསྟན་པའི་ཉི་མ་དགུང་ནས་ཤར་ཞིང་བཀྲ་ཤིས་དགེ་མཚན་ས་ལ་འཁྱིལ་བའི་དེ་རིང་ནི་ངའི་མི་ཚེའི་ཁྲོད་བཀྲ་ཤིས་པའི་རྫོགས་ཚིག་བཀོད་དེ་ལས་ཚོགས་སུ་འགྲོ་བའི་ཉིན་དང་པོ་ཡིན། སྐྱེ་བ་ཞིག་ཡོད་ན་འཆི་བ་ཞིག་ལོས་ཡོད། ང་འཆི་རྒྱུར་སྐྲག་མཁན་སྡར་མ་ཞིག་གཏན་ནས་མིན། ཁ་སང་བྱུང་བ་དང་སྙམ་པའི་ངེད་ཚང་གི་མི་ཤི་རྟ་འགྱེལ་གྱི་རླངས་འཁོར་དོན་རྐྱེན་དེ་ཡིད་ལ་དྲན་ཚེ། ངས་འདི་ལྟར་ལྡོག་འདྲི་བྱ་འདོད་དེ། གལ་སྲིད་ཕ་མའི་སྲོག་བསྡོས་ནས་མེ་དཔུང་ཁྲོད་ཕར་དེད་དེ་གསོན་དུ་བཅུག་པ་དེ་ཁྱོད་ཡིན་ན། ཕལ་ཆེར་གསོན་སྲེག་ལས་ཚེ་སྲོག་ཤོར་བའི་ཕ་མའི་ཞལ་ངོ་མངོན་སུམ་མཐོང་མཁན་དེ་ཁྱོད་ཡིན་ན། རྩེད་རོགས་དགོད་རོགས་ཀྱི་ནུ་བོ་ཁེར་མོའི་ཀླད་ཞོ་ཐང་དུ་བླུགས་འདུག་པའི་ཚོར་སྣང་མྱོང་མཁན་དེ་ཁྱོད་ཡིན་ན། རླངས་འཁོར་འཛིན་ཡིག་མེད་པ་དང་ཆང་འཐུང་བའི་ཉེས་ཅན་དེ་ནི་ཨ་ཕ་ཡིན་པ་ཤེས་ན། གལ་སྲིད་ཁྱོད་ཚར་སོང་ན་དེ་བ་ཚང་གི་ཤུལ་ཆད་སོང་ཞེས་ཤུལ་ཆད་ཀྱི་མིང་བཏགས་ན། ད་ནི་ཁྱེད་ཉིད་འཆི་བར་སྐྲག་གམ། བརྩེ་ལྡན་གྱི་ཀློག་པ་པོ་ལགས། ཁྱོད་ཀྱིས་འདི་ལྟར་དྲན་ནམ། དེ་བས། རླངས་འཁོར་གྱི་དོན་རྐྱེན་ལས་ཐལ་བར་བརླགས་པའི་ངེད་ཚང་གི་གཏམ་རྒྱུད་དེ་ངས་ཁ་ལོ་བར་ཁ་བརྡ་བགྱི་ཞོར་ངེད་གཉིས་བདེ་འཇགས་ངང་དམིགས་སར་འབྱོར་སོང་།
རེད་དེ། བདེ་འཇགས་ཀྱིས་མི་ཚེ་ལ་རྫོགས་ཚིག་དགོད་བསམས་ན། བསམ་པ་ནམ་མཁའི་འཇའ་ཚོན་ལ་མ་ཆགས་ཤིང་ལག་ལེན་ཆུ་ཡི་ཝུ་བ་རུ་མ་གྱུར་ཚེ། ང་དང་འདྲ་བར་ང་ཚོ་གཞི་ནས་བདེ་མོ་འཚམ་པོའི་ངང་སེམས་ཀྱི་དམིགས་སར་ལམ་གྱི་ནང་མ་བརྒྱུད་དེ་སྐྱིད་ཀྱི་གཞི་མ་རེ་རེར་འབྱོར་ཐུབ་སྟེ། མ་ཟད་བདེ་འཇགས་ཀྱི་ལམ་ཁ་དེ་ཡང་མི་ཚེའི་བགྲོད་ལམ་དཀར་པོ་ཞིག་ཡིན་པ་རྟོགས་ངེས་སོ། །
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།