(མཚོ་ལྷོ)ཁྲི་སྐལ་བཀྲ།
འགྲིམ་འགྲུལ་བདེ་འཇགས་ནི་ཀུན་གྱི་རྣ་ལམ་དུ་ཚོར་བདེ་བའི་ཉེན་བརྡ་ཞིག་ཅི་ལ་མིན། ཁྱེད་ཀྱིས་ཚེ་སྲོག་གི་རིན་ཐང་མ་རྟོགས་པ་ཡིན་ན། ཚེ་སྲོག་ནི་སྐད་ཅིག་དེ་ཉིད་ལ་རྩེད་ཆས་སུ་གྱུར་དང་འགྱུར་བཞིན་པ་ཡང་ཡོད། དེའི་ཕྱིར། ཆུ་མ་ཡོང་གོང་ལ་རགས་རྒྱག་པ་དང་དགྲ་མ་ཡོང་གོང་ལ་དོགས་ཟོན་བྱ་དགོས་ཟེར་བས། སྟག་མོའི་མཆེ་བ་འདྲ་བའི་མྱུར་བགྲོད་གཞུང་ལམ་སྟེང་ན། གྲོགས་དང་སྐྱབས་སུ་རློམ་པའི་ཁྱེད་ལའང་ཤ་ཚའི་དྲན་སྐུལ་ཞུ་བའི་ཕོ་ཉ་ཡིན་ཆོག་ཆོག་བྱ་འོས།
དུས་རབས་འདི་ལ་སྣུམ་ཤིག་ཤིག་གི་ལམ་བུ་ཆེ་མ་ཆུང་གསུམ་དར་ཞིང་། ཁྱེད་ཀྱིས་ཀྱང་འཁོར་ལོའི་རིགས་གང་ཞིག་གཏོང་ཚེ། སྐྱ་མི་ཆུ་ཚོད་གཅིག་ལ་བགྲོད་པའི་ལམ་དེ་ནི་ཁྱེད་ལ་སྐར་ཆ་འགའི་ལམ་ཡིན་པའི་སྣང་བ་སྐྲ་རྩེ་ན་ཡོད་སྲིད། དེའི་ཕྱིར་ལྷ་ཡུལ་ལྟ་བུའི་གཞུང་ལམ་ཞེས་དགའ་བས་དྲིན་དུ་གཟོ་སྲིད་ལ། དེ་ལས་ལྡོག་སྟེ་བསམ་ཡུལ་ལས་འདས་པ་བྱུང་ཚེ། གདོན་འདྲེ་ལྟ་བུའི་གཞུང་ལམ་ཞེས་ངུས་ཏེ་བརྒྱལ་སྲིད་མོད། ཡིན་ན་ཡང་། སའི་གོ་ལའི་སྟེང་གི་མི་ཕྱེད་ཀ་ཙམ་གྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ནི་ཆེས་ཆུང་བའི་གྲངས་ཀ་དེ་ཡིན་ཚེ། དངོས་གནས་ཡེ་ཤེས་ཀྱི་སྤྱན་ལའང་དགའ་རྒྱུ་གསུམ་ལས་ངུ་རྒྱུ་གསུམ་ཅི་ལ་མི་འབྱུང་ངམ།
གལ་ཏེ། ཚང་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དེ་རིགས་སྦྱངས་པ་དོན་མེད་དུ་བསམས་ན། ཁྱེད་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་གྱ་ནོམ་པ་ཞིག་བྱ་མི་དགོས་འདོད། དེ་འདྲ་ཞིག་གཏན་ནས་མ་ཡིན་ཏེ། ཁྱེད་ལའང་ཡིད་ཆེས་ཤིག་གཏན་ནས་མེད་པ་མིན། དོན་དུ་ཁྱེད་ལ་ཧམ་སེམས་ཀྱི་འཕར་རྩ་དང་ཕངས་མེད་ཀྱི་བློ་རྩ་ཡ་མ་བརླ་ཞིག་རྩ་བ་ནས་རྒྱས་མི་སྲིད་ཁོ་ཐག་ཡིན། ད་ནི་དུས་རབས་ཀྱི་འཚོ་བ་སྐྱེལ་སྟངས་ཁོ་ནར་གོམས་དགོས་པས། ཁྱེད་ཀྱིས་ཀྱང་ཁྲིམས་མཐུན་གྱི་མཛའ་མོར་འོ་ཞིག་བྱ་རྒྱུའི་གོ་སྐབས་ཤོར་དུ་འཇུག་ག་ལ་རུང་སྙམ།
སྟབས་ཉེས་པ་ཞིག་ལ། བྱིས་པ་ཞིག་ལ་ཆེས་དགའ་བའི་འགུལ་རིས་གློག་བརྙན་སྟོན་མགོ་བརྩམས་ལ་ཉེ། དར་མ་ཞིག་ལ་ཆེས་དུངས་པའི་སྙིང་གི་དགའ་མའི་དུས་ཆད་ཤོར་ལ་ཉེ། རྒན་པ་ཞིག་ལ་ཆེས་སྤྲོ་བའི་ཨུ་ཚུགས་ཀྱི་གླེན་རྟགས་འཕར་ལ་ཉེ། དེ་དག་ལ་སང་ཉིན་ཞེས་པ་མི་མཁོ་བ་ཡིན་ནམ། ཁོ་ཚོ་ལམ་འགྲམ་དུ་རྒྱུགས་ནས་རྐང་མཐིལ་ལ་ཟ་འཕྲུག་ལངས་སོང་། ཅི་འདྲའི་སྐྱི་གཡའ་ཞིང་བློ་ཡུལ་ལ་མི་གཤོང་བའི་གླེན་རྟགས་ཤིག་རེད་ཨང་། ཁོ་ཚོ་མི་ཚེ་ཟད་ཅིག་དང་འདྲ་བར་ཁ་ཁོག་པ་གཉིས་ནས། ད་ཕར་ལ་རྒྱུགས་ན་ཆོག མྱུར་ཏུ་ཚོད་ལྟ་ཞིག་བྱེད། མཆོང་ན་ཕལ་ཆེར་སྐྱོན་མེད་ཅེས་ཟེར་བ་དང་འདྲ། དེ་ནི་ཡིད་སྐྱོ་བའི་དེ་རིང་གི་མཇུག་འབྲས་ཆེན་པོ་རུ་འགྱུར་ལ་ཉེ་བས། ཚེ་སྲོག་སྐད་ཅིག་ཏུ་ཡལ་བའི་སྔ་ལྟས་ཤིག་མ་ཡིན་ནམ།
གང་ལྟར། ཁྱེད་ཀྱིས་རང་གི་མཇུག་འབྲས་དང་གཞན་གྱི་མདུན་ལམ་བརླག་པར་འཇིགས་རུང་གི་རྣམ་སྨིན་ཞིག་འཁོར་དུ་བཅུག་སོང་། དེ་ནི་གསོན་སྙིང་དམར་པོ་ཞིག་སྟག་མོའི་མཆེ་བར་དུ་ཚུད་པ་དང་འདྲ་ཞིང་། མྱུར་ཚད་ཆེ་བའི་འཁོར་ལོའི་རིགས་ནི་ངོ་མ་ཁྱེད་ཀྱི་གསོན་སྙིང་ལ་རྔམ་པའི་གཅན་གཟན་མི་འདྲ་བ་རེ་རེ་དང་མཚུངས་ཨང་། ད་ནི་ཁྱེད་རང་མཆོང་མཚམས་རྒྱུགས་མཚམས་བཞག་སོང་། ཡིན་ན་ཡང་། ཕ་གའི་ཁ་ལོ་བས་འཁོར་བཀག་འཕྲལ་དུ་མནན་དུས། ཁྱེད་རང་སྲོག་ཉེན་ལས་ཐར་པའི་ཤེའུ་ཆུང་ཞིག་ཡིན་རུང་། རྗེས་སུ་འབྲངས་པའི་འཁོར་ལོའི་རིགས་ཁ་ཤས་གནམ་ལྕགས་ཐོག་གིས་བརྒྱབ་པ་ལྟར་ཛ་དྲག་ཏུ་གྱུར་སོང་། ད་ནི་སུ་ཞིག་བཙོན་ཁང་དུ་སྐྱེལ་དགོས། སུ་ཞིག་སྨན་ཁང་དུ་ཉལ་དགོས། སུ་ཞིག་བར་དོའི་ཁམས་སུ་སླེབ་དགོས་པའང་ངེས་པར་ཡིན།
ཡང་གཅིག་བཤད་ན། ཁྱེད་ལ་རྒྱུ་མང་ན་ལུས་མི་ཁོམ་པ་བདེན་ཡང་། ཧམ་ཆེ་ན་སེམས་མི་སྐྱིད་པའི་ཆག་སྒོ་ནི་གང་སར་འབྱུང་བཞིན་པ་མ་ཡིན་ནམ། ཚེ་ཟད་ནད་པ་སྨན་པས་མི་ཐུབ། རི་བོ་ཉིལ་ན་ཐག་པས་མི་སྡོམ་ཟེར་བ་ལྟར། ཡ་ང་སྙིང་རྗེ་མེད་པའི་ཆག་སྒོ་དེས་ཚེ་སྲོག་ཆེ་ཆུང་གྲངས་མེད་ཅིག་སྐད་ཅིག་དེ་མ་ཉིད་དུ་འཕྲོག་འགྲོ་བས་ཡིན། དེའི་ཕྱིར་དུ། གཞུང་ལམ་ནི་སྟག་མོའི་མཆེ་བ་དང་འདྲ་བས། གཅིག གཉིས། གསུམ་་་་་་ དལ་གྱིས་དལ་གྱིས་འཕྲོག་པའི་ཚེ་སྲོག་ནི་བགྲང་ལས་འདས་ཤིང་ལྕགས་སྲོག་ཡིན་རུང་དྲན་མེད་དུ་ས་ལ་འགྱེལ་འགྲོ་ཨང་།
གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993