(མགོ་ལོག)རྒྱ་ཚང་སྨོན་ལམ།
ཚེ་སྲོག་དང་ལམ་བུ། གཅེས་པར་འོས་པའི་རིན་བྲལ་གྱི་ནོར་བུ་སྟེ། མི་ཚེའི་བཞུད་ལམ་རིང་མོ་སྙིང་གི་དཀྱིལ་བུར་འཆང་སྟེ་མཚར་སྡུག་འོད་སྟོང་ལྡན་པའི་ཀློང་ཡངས་ནས། གྲོང་ཁྱེར་གྱི་གྲུ་ག་རེ་རེ་དང་། ཞིང་གྲོང་གི་ལམ་ཕྲན་རེ་རེས་ལྟ་ན་སྡུག་པའི་མི་ཚེ་ལ་རྒྱང་བཞུད་ཀྱི་ལམ་བུ་དང་ཕུགས་འདུན་མཉམ་དུ་བསྐྲུན་པས། ལང་ཚོའི་གཟི་དཔལ་དྲག་ཏུ་འབར་བའི་ཚེ་སྲོག་གི་རྒྱུད་སྐུད་རེ་རེ་ནི། ཏག་ཏག ཉི་ཟླའི་བར་མཚམས་ལ་ཆགས་པའི་གཏམ་རྒྱུད་དག མུན་པའི་འོབས་སུ་ལྷུང་བའི་རྡུལ་ཕྲན་བྱེ་མའི་དབྱིབས་གཟུགས་དང་ཅི་འདྲའི་མཚུངས་ཨང་།
མཚན་མོའི་ལྷིང་འཇགས་ལ་སེམས་པ་གླན་ཏེ་ནང་སེམས་ཀྱི་འཆར་ཡན་དག་ལ་གས་ཆག་ཤོར་བར་ཡང་ཁག་མི་འདུག་སྟེ། ཚེ་སྲོག ཚེ་སྲོག་གི་བཞུད་ལམ། མེས་པོ་གོང་མའི་བླ་སྲོག་གིས་བསྐྲུན་པའི་ལོ་རྒྱུས་ཀྱི་ལམ་བུ་རེ་རེ་ང་ཚོའི་སེམས་ཁོང་དུ་བྲལ་ཐབས་མེད་པའི་བརྩེ་དུང་གི་མདུད་བརྒྱས་དམ་དུ་བཅིངས་པས་ན། མ་གཞི་ནས་ང་ཚོའི་ཚེ་སྲོག་ནི་བཞུད་ལམ་རེ་རེ་དང་ས་གཞི་འདིའི་རྡུལ་ཕྲན་རེ་རེར་དབང་ངོ་། །
ཚེ་སྲོག་ནི་འཕར་ལྡིང་བྱེད་པ་ཞིག་ཡིན་པས་འདོད་ཁམས་མི་ཡུལ་གྱི་རེ་བ་སྣ་ཚོགས་རྒྱང་རིང་དུ་འཕུར་རྒྱུའི་བསམ་བློ་དང་ཤེས་རིག་གི་རྒྱ་མཚོར་འཇུག་རྒྱུའི་འདུན་པ་ནི་ལྡོག་ཏུ་མེད་པའི་བརྒྱུད་རིམ་ཞིག་སྟེ། ཚེ་སྲོག་གིས་ལོ་རྒྱུས་ཀྱི་རླབས་ཁ་རིང་མོ་ཞིག་དལ་གྱིས་སྐྱོད་ནས་མིག་ཟུང་ལས་ཟུངས་ཁྲག་དམར་པོ་དག་བྱིས་པའི་མིག་ཆུ་ལྟར་དཀར་ནག་མི་ཚེའི་ངོ་གདོང་དུ་བཞུར་གྱིན་འདུག
བགྲོད་ལམ་འདིས། ཨ་མའི་པང་ནས་ནར་སོན་པ་དང་འདྲ་ཨང་།
འཚོལ་སྙེག་འདིས། ཨ་ཕའི་རྒྱབ་ནས་ཕུགས་འདུན་རྙེད་པ་དང་མཚུངས།
འུར་སྒྲ་ཆེ་བའི་གྲོང་ཁྱེར་འདིའི་ནང་དུ་འགྲིམ་འགྲུལ་བདེ་འཇགས་ནི་དམར་ཐིག་ཅིག་དང་འདྲ་བར། མི་རེ་རེའི་ཚེ་སྲོག་གི་ཁྲོད་དུ་ཁྱབ་ཅིང་། དེ་ནི་ང་ཚོའི་ཚེ་སྲོག་དང་འབྲེལ་བ་ཡོད་ལ། ཁྱིམ་ཚང་གི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་དེ་བས་ཀྱང་འབྲེལ་བ་ཡོད་པས། ང་ཚོ་མི་རེ་རེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་། འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ནས་རང་གཞན་གཉིས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས།
མི་ཚོགས་འདུ་བའི་བར་གསེང་ན་འོད་དཀར་གྱི་ལམ་བུ་ཉག་གཅིག ཆུ་མོ་བཞུར་ཤུལ་གྱི་མཚེར་ལམ་རེ་རེ་ནི་ཕ་མེས་རྣམས་ཀྱི་སེམས་ལ་ཟུག་པའི་རུང་རྐང་དང་མདའ་མོ་ཉག་གཅིག་ལགས་ན། ཨ་མའི་ལག་ཟུང་འཇམ་པོ་དེས་འཇིག་རྟེན་ལ་འོད་སྣང་དང་སྟོང་བའི་ནམ་མཁར་གསོལ་བ་ལན་གཅིག་འདེབས་ཀྱིན་ཡོད།
ཚེ་སྲོག སྐྱོ་ཤས་ཀྱི་ཤུགས་རིང་འཐེན་པའི་ཚེ་སྲོག་གི་བཞུད་ལམ།
ཚེ་སྲོག བསམ་གཞིག་གི་དར་ཆ་བགྲང་བའི་ཚེ་སྲོག་གི་བཞུད་ལམ།
ཚེ་སྲོག མེས་པོ་དམ་པ་ཡི་རུས་ཁྲག་མ་ཉམས་པའི་ཚེ་སྲོག་གི་བཞུད་ལམ།
གྱེར་ཀློག་པ། གནམ་སྐྱབས་རྒྱལ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993