གནོང་འགྱོད་དང་འུ་ཐུག
(ལྷ་ས) སྐལ་བཟང་ཐུབ་བསྟན།
ངལ་དུབ་ཀྱི་མནར་བས་ལུས་པོ་རང་དབང་མེད་པར་འབོལ་ཁྲིའི་སྟེང་བསྙེས་ཏེ་ལག་གི་ཁ་པར་གྱི་གློག་སྒོ་ཕྱེ་བཞིན་འཁྱུག་དབྱིངས་ཀྱི་ཐད་གཏོང་ལ་ལྟ་སྐབས། ལུས་ལ་བོད་ལྭ་གྱོན་ཞིང་ལག་ཏུ་ཤོག་ལྷེ་བཟུང་བའི་སྐྱེས་པ་དར་མ་ཞིག་གིས་ཡིད་ཐང་ཆད་པའི་ངོ་གདོང་ལས་སྐྱོ་ཤས་ཆེ་བའི་ངུ་ངག་འདོན་བཞིན་རང་ཉིད་ཀྱིས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་འགྲིམ་འགྲུལ་དོན་རྐྱེན་བཟོས་ནས་བུད་མེད་ཅིག་འདས་གྲོངས་སུ་ཕྱིན་པ་དང་། རླངས་འཁོར་ཡང་ལམ་འགྲམ་གྱི་རི་སྣར་བརྡུངས་ནས་ཆག་སྐྱོན་ཆེན་པོ་ཤོར་ཏེ་ད་ལྟ་འུ་ཐུག་ཐབས་མེད་ཀྱི་གནས་སུ་ལྷུང་ནས་དྲ་རྒྱའི་ལམ་དེ་ནས་སློང་མོ་བྱ་དགོས་ཚུལ་སྟབས་བདེ་ཞིག་རྗོད་ཀྱིན་ལག་པའི་མཐེ་བོང་སྒྲེང་བཞིན་རེ་ལྟོས་ཀྱིས་ཁེངས་པའི་ཁྲ་ཆུང་མིག་གཉིས་ལྡེམ་ལྡེམ་བྱེད་བཞིན་མཆིས།
དེའི་དུས་ན་ཟུར་དུ་ཡོད་པའི་དྲ་གྲགས་མི་སྣ་ཞིག་གིས་མི་སྐྱོན་མེད་དང་ཤིང་མཛེར་མེད་པ་ཞིག་གཏན་ནས་མེད་པས། ད་ལྟ་བརྙན་ཤེལ་མདུན་དུ་སྤྱན་ཧྲིག་ཧྲིག་ངང་གཟིགས་བཞིན་ཡོད་པའི་གུས་པའི་དྲ་གྲོགས་ལྷན་རྒྱས་ཚོས་བྱམས་དང་སྙིང་རྗེ་བཅངས་ནས་ཁ་ལོ་བ་དོན་གྲུབ་ལ་རོགས་རམ་ཞིག་གནང་རོགས་ཞེས་འཆད་སྐབས། ཁ་པར་ངོས་སུ་དྲ་གྲོགས་མང་པོས་གནས་ཚུལ་ཅི་ཞིག་བྱུང་བར་ཁ་གསལ་ཙམ་བརྗོད་དང་ཞེས་པ་སོགས་ཀྱི་ཆ་འཕྲིན་མི་ཉུང་བ་ཞིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་རིམ་པར་འཆར་ཡོང་སྐབས། ལམ་སང་དྲ་གྲགས་དེས་ཉིན་ཤས་གོང་ལ་དོན་གྲུབ་ཀྱིས་ཟོག་འདྲེན་རླངས་འཁོར་འབྲིང་གྲས་ཤིག་ཏུ་དངོས་ཟོག་བྱུར་བུར་བླུགས་ནས་སྐྱོད་དུས། གཅིག་ནས་རླངས་འཁོར་གྱི་མྱུར་ཚད་མགྱོགས་དྲགས་པ་དང་གཉིས་ནས་སེམས་པ་ཅུང་གཡེང་བའི་དབང་གིས་ལམ་ཟུར་གྱི་འཕྲུལ་རྟ་ཞོན་པའི་བུད་མེད་ཅིག་ལ་བརྡུངས་ནས་རྐྱེན་ལམ་དུ་བརྫངས་པ་དང་རླངས་འཁོར་ཡང་བེད་མེད་ལྟ་བུར་གྱུར། ད་དུང་མུ་གེ་སྟེང་ལ་ཟླ་ལྷག་ཟེར་བ་ལྟར་ཁོ་རང་གི་རྐང་པ་གཡོན་པའང་བརྡབས་ཆག་བྱུང་ནས་དབང་པོ་སྐྱོན་ཅན་དུ་གྱུར། ད་ཆ་ཐབས་ཟད་འུ་ཐུག་གི་གནས་སུ་གྱུར་འདུག་པས་དྲ་གྲོགས་ཚོས་རོགས་རམ་གང་མང་བྱེད་རོགས་ཞེས་ལབ་ཀྱིན་འདུག་ལ། ཁ་ལོ་བ་དེས་ཀྱང་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་གུས་འདུད་ཞུས། སྐབས་འདིར་དྲ་གྲགས་དེས་ཁ་ལོ་བའི་ལག་ཏུ་ཁ་པར་ཨང་གྲངས་བཀོད་པའི་ཤོག་ལྷེ་ཞིག་སྤྲད་པ་དང་ཆབས་ཅིག དེ་ནི་དོན་གྲུབ་ཀྱི་ཁ་པར་ཨང་གྲངས་ཡིན་པས་ཚང་མས་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་རྩེ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་བཤད་དུས། ངས་ཅོག་ཙེ་ཐོག་གི་དཔེ་དེབ་སྟེང་ཁ་པར་ཨང་གྲངས་དེ་བྲིས་རྗེས་མུ་མཐུད་དུ་ཐད་གཏོང་ལྟ་བཞིན་བསྡད། ཁ་པར་གྱི་བརྙན་ཤེལ་ངོས་སུ་དྲ་གྲོགས་ཚོས་དུང་སེམས་མཉམ་སྐྱེའི་ཚུལ་དུ་སེམས་གསོ་བྱེད་མཁན་འདུག་ལ་རང་གི་ལས་བྱའི་འབྲས་ལ་རང་གིས་འགན་འཁུར་ཐུབ་དགོས་གཤེ་གཤེ་གཏོང་མཁན་ཡང་མི་ཉུང་བ་ཞིག་མཆིས། གང་ལྟར་དྲ་གྲོགས་ཚོས་ཅི་ཞིག་བཤད་རུང་དོན་གྲུབ་ཀྱིས་ཕྱག་འབུལ་ཞུ་བ་དང་། དྲ་གྲགས་དེས་འགྲེལ་བཤད་ཁ་གསལ་ཞིང་ཆ་ཚང་བ་ཞིག་བརྒྱབ་སྟེ་ཚང་མའི་རོགས་རམ་ཐོབ་རྒྱུའི་འདུན་པ་བཅངས་ནས་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་གྱིས་ཐད་གཏོང་མཇུག་བསྒྲིལ་སོང་།
ངས་ངལ་གསོ་ཏོག་ཙམ་ཞིག་བྱས་རྗེས་དོན་གྲུབ་ཟེར་བའི་ཁ་ལོ་བ་དེར་ཁ་པར་ཞིག་བཏང་བ་ཡིན། ཁོའི་བཤད་སྒྲོས་ལ་རྐྱེན་ལམ་དུ་སོང་བའི་བུད་མེད་དེ་ནི་ས་ཆ་ཐག་རིང་ནས་ལྷ་སར་ཡོང་འབབ་གསོག་པར་ཡོང་བའི་ལས་མི་ཞིག་ཡིན་ཞིང་། དེར་སྐྱིན་ཚབ་སྣ་ཚོགས་བརྩིས་ན་ཁྱོན་སྒོར་ཁྲི་བརྒྱད་ཅུའི་གཡས་གཡོན་ཞིག་འཇལ་དགོས་པ་དང་། རང་ཉིད་ཀྱི་སྐྱེལ་འདྲེན་རླངས་འཁོར་དེ་ནི་ཁྱིམ་གྱི་མ་རྩ་ཡོངས་རྫོགས་སྟེང་མང་ཆེ་བ་ནི་དངུལ་ཁང་ནས་བུ་ལོན་བླངས་ནས་ཉོས་པ་ཡིན་ཞེས་རེ་ཐག་ཡོངས་སུ་ཆད་བཞིན་འགྱོད་གདུང་གི་ངུ་ངག་དང་ལྷན་དུ་བརྗོད་སྐབས། བདག་གི་བློ་ངོར་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་མ་བྱས་ན་སྐར་ཆ་གཅིག་གཉིས་ཀྱི་དུས་ཚོད་ནང་དུ་དེ་འདྲའི་ཡིད་སྐྱོ་དགོས་ཤིང་། དེ་འདྲའི་གོད་ཆག་ཆེ་བའི་རྐྱེན་ངན་བར་ཆད་ཀྱིས་ཕྱོགས་གཉིས་ཀར་སེམས་སྡུག་དང་དཀའ་ངལ་བརྗོད་ཀྱིས་མི་ལང་བ་ཞིག་སྦྱིན་ཡོད་པ་ནི་སྨོས་མེད་རེད་ཨང་སྙམ་བཞིན་ཁོ་ལ་བརྡ་ལན་ཡང་སྤྲོད་མ་ཐུབ་པར་ཧད་དེ་ལུས།
གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993