གྱང་ཆག་སྐྱ་བོ། ༼བསྡུས་རྩོམ།༽
2024.08.02 ཁུངས། ཀློག་གྲངས། 10

(ཐུན་ཏེ) གཡུ་ལུང་གཡུང་དྲུང་འབུམ།

ངལ་གསོའི་གུང་གསེང་དུ། ཕ་ཡུལ་ལ་ལོག་ཐེངས་རེར་ངས་གྱང་ཆག་སྐྱ་བོ་ཞིག་གི་གཏམ་རྒྱུད་ཡིད་ལ་དྲན་ཡོང་།

ངའི་ཕ་ཡུལ་ནི་རྫོང་མཁར་ནས་རྒྱང་ཐག་རིང་བའི་ལུང་ཁུག་ཅིག་མིན་མོད། འོན་ཀྱང་ལམ་ཕྱེད་ཅིག་ནས་བདེ་འཇམ་གྱི་སྣུམ་ལམ་བསྐྱུར་ནས་གྲོག་རོང་ཞིག་བརྒྱུད་དེ་རྐ་རྐོ་འབར་འབུར་གྱི་ཟེགས་ལམ་དེད་ནས་འགྲོ་དགོས་སྟབས། རུས་སྦལ་ནུར་འགྲོས་ཀྱིས་ལས་ཁུངས་ཀྱི་ལས་ཀ་ཙག་ཙིག་གི་ངལ་དུབ་རྒྱབ་ཏུ་བསྐྱུར་ཞིང་། ལྗང་ལྡེམ་ལྡེམ་གྱི་ཡངས་པའི་རྩྭ་ཐང་གདོང་གིས་བསུས་ནས་སོང་བ་ན། ལམ་འགྲམ་དུ། ཞིག་རལ་དུ་གྱུར་ཞིང་ལྷས་ར་དང་ཁང་ཀླད་དུ་རྩྭ་ལྡུམ་ཕྱུར་བུར་གཏམས་པའི་གྱང་ཆག་སྐྱ་བོ་ཞིག་གིས་སྐྱོ་སྡུག་གི་གཏམ་རྒྱུད་རིང་མོ་ཞིག་འཆད་ཀྱིན་པ་འདྲ་བར་སྐྱ་གོག་སེར་སྣང་ལ། ཡང་ན་ཟེགས་ལམ་དུ་ཡར་འགྲོ་མར་འགྲོ་ལ་བྲེལ་བའི་འགྲུལ་བ་རྣམས་ལ་དྲན་སྐུལ་དང་གསལ་འདེབས་ཀྱི་ཉེན་བརྡ་གཏོང་བ་དང་ཀུན་ནས་མཚུངས་ཏེ། རྒྱུ་མཚན་ཡུལ་མི་ཚང་མ་གནས་དེ་བརྒྱུད་ནས་འགྲོ་དུས། གྱང་ཆག་དེའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་ཅིག་དྲན་གྱིན་ཡོད་ལ། དེ་བས་ཀྱང་སྨྲེང་སྐྱོ་འདྲེས་མའི་སེམས་བྱུང་ཞིག་དང་ཤུ་རེ་ཁོ་སྙམ་པའི་ཕངས་སེམས་ཤིག་ཅིས་ཀྱང་འཆོར་གྱིན་ཡོད།

དེ་ནི་བགྲང་བྱ་བཅུ་ཕྲག་གཅིག་གི་ཡར་སྔོན་ཡིན་ལ། སྐྲ་ལོ་རིང་པོ་ཕྲག་གོང་དུ་སླེབས་ཤིང་རྒྱུད་དྲུག་པི་ཝང་གི་འགྱུར་ཁུགས་སོར་མོའི་རྩལ་གྱིས་དཀྲོལ་བ། རྟགས་སྟོན་མོའི་དུས་སུ་སྙན་སིང་སིང་གི་གླུ་སྐད་ཀྱིས་ཁྲོམ་ཆེན་པོ་སྐྱིད་ལ་བསྐུར་བ། རྣམ་ཀུན་གདོང་ལ་འཛུམ་མདངས་ཀྱི་པདྨོ་རྣམ་པར་རྒྱས་པའི་ཕོ་གསར་ཏེ། ཨ་ཕ་རྣམ་རྒྱལ་གྱི་སྣང་བརྙན་དེ་ད་དུང་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ཝ་ལེར་གསལ། སྐབས་དེར་ཁོས་ཉེ་འདབས་ཀྱི་ཚོ་བ་ཞིག་གི་གཟུགས་ལང་ཚོ་དང་ཡག་མོ་སྒོ། ལག་ལས་ཀ་བཅས་འཛོམས་གསུམ་འཛོམས་པའི་གཞོན་ནུ་མ་བདེ་སྐྱིད་དང་ལྷན་ཅིག་འཇིག་རྟེན་མཐུན་འཇུག་གི་ཁྱིམ་ཐབ་བཟུང་ཞིང་། ཨ་ཕ་བློ་གྲོས་ཀྱིས་ཁོ་བཟའ་བ་གཉིས་ཀར་ཁང་ཁྱིམ་ཞིག་བསྐྲུན་པར་མ་ཟད། ད་དུང་རྩྭ་ས་བགོས་ཤིང་ལུག་ར་བསྐོར་ནས། ནོར་ལུག་ཀྱང་མི་ཉུང་བ་བགོས་ཏེ། ཁྱིམ་གཞི་གསར་པའི་སྦྲ་སྟོན་འདུ་འགོད་ཀྱི་ཡོ་ལང་རྣམ་པར་རྒྱས་པ་ཞིག་བྱས་པས། རུ་སྡེའི་རྒན་དར་གཞོན་གསུམ་གྱིས་མགྲིན་ངག་གཅིག་གིས་ད་སྔ་ཕན་ཆད་དུ་དེ་འདྲའི་གཟབ་རྒྱས་ཀྱི་སྟོན་མོ་ཞིག་བྱས་མ་མྱོང་སྐད། སྐབས་དེར་ཨ་ཕ་རྣམ་རྒྱལ་ནི་བྱིས་པ་ལོ་ཆུང་དག་གི་མིག་དཔེ་ལྟ་ས་དང་། དར་མ་གཞོན་ནུ་དག་གི་ཡིད་སྨོན་སྐྱེ་ས། རྒན་པ་མགོ་དཀར་དག་གི་གླེང་བརྗོད་བྱེད་ས་ཉག་གཅིག་ཏུ་གྱུར་ཡོད་མོད། འོན་ཀྱང་། གློ་བུར་བའི་དོན་རྐྱེན་ཞིག་གིས་ཡོད་ཚད་ལ་རྫོགས་ཚིག་བཀོད།

སློབ་ཆུང་གི་གུང་གསེང་ཞིག་ལ། ངས་ཁྱིམ་མཚེས་རུ་སྐོར་གྱི་རྒན་རྒོན་རྣམས་ཀྱི་ངག་སྒྲོས་ལས་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་གཏམ་རྒྱུད་ཅིག་ཀྱང་ཐོས་སོང་སྟེ། རྒན་པོ་ཞིག་གིས་བློ་གྲོས་ཚང་གི་བླ་བསང་པོ་དེ་གཡང་གཟར་གྱི་མཐའ་ལ་ལྷུང་ནས་རྐང་ལག་གི་ལྷུ་གཏོར་ཞིང་མིག་རྡོ་གཉིས་ཀྱང་ཕྱིར་ཕྱུངས་ནས། བལྟར་མི་བཟོད་པ་ཞིག་རེད་ཅེས་ཟེར། སྐབས་དེར་ང་ལ་འཇིགས་སྣང་དང་དངངས་སྐྲག་ཅིག་ཅར་དུ་སྐྱེས་ནས། རེ་ཞིག་ལུས་པོ་ཡོངས་སུ་སྦྲིད་ཅིང་འདར་ཡོམ་ཞིག་བྱ་དགོས་བྱུང་།

དོན་དངོས་སུ་རྣམ་རྒྱལ་ནི་རང་དགར་ལྷུང་བའང་མ་ཡིན་པར། ཆང་འཐུངས་རྗེས་འཕྲུལ་རྟ་ཞོན་ནས་གཡང་གཟར་དུ་ལྡིང་སོང་བ་སྟེ། ཨ་ཕ་རྣམ་རྒྱལ་ཚང་སྦྲ་བགོས་ནས་ཡུན་རིང་མ་འགོར་ཞིང་རུ་དབྱར་ས་བབས་པའི་ཕྱི་དྲོ་ཞིག་ལ། བཟང་ས་རྒྱན་ས་འགའ་བོས་ནས་རས་གུར་དུ་ཆང་འཐུངས་ཤིང་། བར་སྐབས་ཤིག་ལ་ཆང་འཐུང་ནས་ཚར་བས། བཟང་ས་ཞིག་གིས་རྣམ་རྒྱལ་ཆང་ཉོ་རུ་འགྲོ་དགོས་ཚུལ་གྱི་རེ་བ་བཏོན་པ་ན། རྣམ་རྒྱལ་གྱིས་ཀྱང་ཁྱེད་ཅག་བོས་པའི་མགྲོན་པོ་གལ་ཆེན་ཡིན་ཞེས་ཆུང་མ་བདེ་སྐྱིད་ཀྱིས་ཇི་ལྟར་བཀག་ཀྱང་མ་ཁོག་པར། འདའ་མ་འདར་གྱིས་འཕྲུལ་རྟར་ཞོན་ནས་ཕར་ཀྱོག་ཚུར་ཀྱོག་གིས་རྫོང་མཁར་གྱི་ཕྱོགས་སུ་སོང་།

ཤ་ཉེ་རིང་དག་འཚབ་འཚུབ་ངང་བཙལ་དུ་སོང་བ་ན། འཕྲུལ་རྟའི་རྗེས་ཤུལ་དེ་གྲོག་རོང་གི་གཡང་གཟར་གྱི་སྣེ་ལ་འཐེན་འདུག

དེ་ནས་བཟུང་། རྣམ་རྒྱལ་ཕྱིར་སླེབས་རྒྱུ་མ་བྱུང་ལ། བདེ་སྐྱིད་ཀྱང་རང་གི་ཕ་ཡུལ་མ་ཁྱིམ་དུ་ལོག ཁང་ཁྱིམ་གསར་པ་དེའང་བདག་མེད་དུ་གྱུར།

གྱེར་ཀློག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993