བདེ་འཇགས་ནི་མདུན་སྐྱོད་ཀྱི་ཁ་གཡང་ཡིན།༼བསྡུས་རྩོམ།༽
2024.08.02 ཁུངས། ཀློག་གྲངས། 12

(ཁྲི་ཀ)ཀུན་བཟང་སྐྱིད།

སྐད་ཅིག་མར་བཅོལ་བའི་ཚེ་སྲོག་གི་མེ་སྟག་མང་པོ་གཤིན་རྗེ་གཤེད་དམར་གྱི་གྲོང་ལ་དབང་མེད་ཀྱིས་སྤྱུགས་ཤིང་། འཇིག་རྟེན་འདི་རེ་ཞིག་ཧང་སང་ཞིང་སྐྱི་གཡའ་བར་བྱེད་པ་ནི་མདུན་སྐྱོད་ཀྱི་གོམ་ཁ་གློག་ལས་མྱུར་བའི་དུས་རབས་འདིའི“འཆི་བ”ཡིན་ལ། ཁ་ནས་གླེང་ཐེངས་རེ་རེར་ཡོད་ཚད་ཀྱི་སེམས་སུ་འཁྱག་སིབ་སིབ་དང་སྟོང་ལྷང་ལྷང་བྱེད་པ་ནི། ང་ཚོས་སྐྱེས་བ་དང་མཉམ་དུ་ཁ་གཏད་དུ་ལངས་པའི་གྲོགས་པོ་དེའི་ངོ་གདོང་དངོས་མ་དེ་ཉིད་མ་མཐོང་བས་ཡིན་ནམ། གང་ལྟར་ཤི་གསོན་མང་པོའི་བར་མཚམས་དེ་དག་ནས་ང་ཚོར་ཚེ་སྲོག་གི་བསླབ་བྱ་དང་དེའི་སྐོར་གྱི་གོ་བརྡ་མང་པོ་ཞིག་ཀྱང་འཕྲོ་རིམ་འཕྲོར་ལན་སྤྲོད་བཞིན་མཆིས་ཏེ། ཆུང་ས་ནས་མི་སྒེར་དང་ཁྱིམ་ཚང་། ཆེ་ས་ནས་འགྲིམ་འགྲུལ་གྱི་གལ་ཆེན་དང་བདེ་འཇགས་ཀྱི་གལ་ཆེན། ཚེ་སྲོག་གི་གལ་ཆེན། འཇིག་རྟེན་འདིར་འགྲུལ་བ་ཐེངས་གཅིག་གི་ཚུལ་གྱི་ཉམ་ཐག་གི་ཚེ་སྲོག་དེ་འཚོ་བའི་བར་གསེང་དུ་སྣང་ཆུང་བྱེད་བཞིན་ཡོད།

ནམ་ཡང་དྲན་པའི་རས་ཡོལ་གྱི་ངོས་སུ་ཡལ་ཐུབ་མེད་པ་དང་གློག་བརྙན་ལྟ་བུར་གསལ་ལྷང་ངེར་འཆར་ཡོང་བ་ནི་ལོ་ལྔའི་སྔོན་གྱི་འགྲིམ་འགྲུལ་དོན་རྐྱེན་དེ་ཡིན་ཏེ། ཉི་མ་དེ་ནི་ང་ལ་མཚོན་ན་ཚེ་སྲོག་གིས་སྨིན་པའི་ཕྱི་ལོགས་ཀྱི་རེ་སྙེག་ཅིག་རེད་ཟེར་ཆོག་ཆོག་ཡིན་ཞིང་། དགུན་ཁའི་ཉིན་དེའི་ཞོགས་པར་རི་ལུང་ཐང་གསུམ་འཕྲེད་ཀྱིས་བཅད་དེ། ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་དང་། ལ་རིང་པོ་གྲུ་གུ་སྒྲིལ་སྒྲིལ་བྱས་ནས། ཁ་བ་བུ་ཡུག་གི་རྡུལ་འཚུབ་དང་སྨུག་སྤྲིན་ཁྲོད་ནས། “གཅན་གཟན་ངར་མོའི་སྡེར་ཁ་འདྲ་འདྲ། རྒྱ་སྟག་ཁྲ་བོའི་ཟིལ་ཤུགས་འདྲ་འདྲ”ཡི་སྤོབས་ཉམས་འོག་ནས་འགག་ཕྲེང་དོག་མོར་ཤུགས་ཀྱིས་མཆོངས་ཞོར་རླངས་འཁོར་ལ་བསྡད་ནས། ཕ་ཡུལ་ཁྲི་ཀ་ནས་མཚོ་ལྷོའི་ཕྱོགས་སུ་བསྐྱོད་པ་ཡིན། ཉིན་དེར་ངའི་ཁ་ལོ་བ་ནི་ལོ་རྒན་ལྔ་བཅུར་བུད་མ་ཐག་པའི་ཨ་ཕ་ཡིན་ཞིང་། ང་རང་ཨ་ཕ་ལགས་ཀྱི་ཟུར་ལོགས་སུ་བསྡད་ཡོད། ཕྱིར་འདང་རེ་བརྒྱབ་ན་ངའི་སེམས་ཀྱི་སྣང་ངོར་འཁྱག་སིབ་སིབ་ཀྱི་འཚོ་བའི་བསྡུས་གཟུགས་ཤིག་ཡང་བསྐྱར་འཆར་དུ་འཇུག་སྲིད། ཨ་ཕས་ལག་མགོའི་དུས་ཚོད་ལ་ཡང་ཡང་ལྟ་བཞིན་ཡོད་པ་དེ་བསམས་ན་ཨ་ཕ་བྲེལ་བ་ཆེན་པོ་ལངས་བཞིན་ཡོད་པ་འདྲ། སྨུག་ལོང་རིམ་བཞིན་ཇེ་མཐུག་ནས་ཇེ་མཐུག་དང་ཁ་བ་འབབ་རྒྱུའི་རྟགས་སྟོན་པ་དང་། གཞུང་ལམ་དུ་རྒྱུ་བའི་ཕར་འགྲོ་ཚུར་འགྲོ་བྱེད་པའི་རླངས་འཁོར་མི་ཉུང་བས་གློག་འོད་རིམ་བཞིན་ཇེ་གསལ་ནས་ཇེ་གསལ་དུ་གཏོང་གིན་ཡོད་དེ། ཨ། གནམ་རྒན་མས་ཁ་ངོ་མི་སྟེར་བར་དུས་ཡུན་རིང་པོ་མ་འགོར་བར་ཁ་བ་ལྷབ་བེ་ལྷུབ་བེ་བབས་བྱུང་། སྐབས་དེར་ཅི་ཡིན་འདི་ཡིན་དྲན་ལོངས་མེད་པར་ང་གཉིད་ལས་སད་པ་ལྟར་སྣང་དུས། ཨ་ཁ་ཁ། ཨ་ཁ་ཁ། ལམ་གྱི་འགྲམ་དུ་མི་ཚོགས་མང་པོས་མཐའ་བསྐོར་ནས་འདུག “དཀོན་མཆོག་གསུམ་པོས་མཁྱེན། དཀོན་མཆོག་གསུམ་པོ”ཞེས་མི་ཞིག་གིས་གསོལ་བ་འདེབས་ཞོར་ང་ཡར་ལ་འཐེན་བཞིན་འདུག ངས་གློ་བུར་དུ་ཨ་ཕ་སེམས་ལ་ཤར་བྱུང་། དེ་དུས་རླངས་འཁོར་ལམ་གྱི་གཞོགས་ཅིག་ཏུ་ཆག་རལ་དུ་འདུག་པ་མཐོང་བས། ངས་ཨ་ཕ། ཨ་ཕ་ཞེས་ཤེད་ཤུགས་ཀྱིས་སྐད་བརྒྱབ་ནས་བོས་མཐར། མ་གཞི་ཨ་ཕ་རྨས་པ་ཅུང་ལྕི་མོ་ཡིན་སྟབས་སྔ་མོ་ནས་མྱུར་སྐྱོབ་རླངས་འཁོར་ཞིག་ཏུ་འཇོག་བཞིན་འདུག འོན་ཀྱང་ང་རིམ་བཞིན་དྲན་པ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཅིང་སྐྱོན་ཆེན་པོ་ཞིག་མི་འདུག ཉིན་དེའི་དུས་ཚོད་ནི་ཅི་ཡིན་འདི་ཡིན་མེད་པར་རྨི་ལམ་རྨིས་པ་ལྟར་སྣང་ཞིང་། དགོང་མོ་དེར་མཚན་ཧྲིལ་པོར་ངས་ཨ་ཕ་བསྲུངས་ནས་ཁུལ་མི་དམངས་སྨན་ཁང་དུ་ཞག་སྡོད་བྱས་པ་ཡིན། མཚན་རིང་པོར་ངའི་སེམས་པ་ལྷོད་དུ་ཡེ་ནས་འབབ་ཐབས་མ་བྱུང་།

དེ་ནས་ཉིན་མང་པོ་མ་འགོར་བར་ཨ་ཕའི་ལུས་པོ་ཇེ་དགའ་ནས་ཇེ་དགའ་རུ་སོང་ནས་བྱམས་བརྩེའི་བདག་སྐྱོང་དང་སྨན་བཅོས་འོག་ནས་ཕ་ཡུལ་ལ་ལོག་སོང་།

ང་ཚོ་སུ་དང་སུ་ཞིག་ཡིན་ཡང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཞིབ་ཆ་ཆུང་ཆུང་དེ་དག་སྣང་མེད་དུ་གཏན་ནས་འཇོག་ག་ལ་རུང་། གོང་གི་དོན་རྐྱེན་འདི་འང་འགྲིམ་འགྲུལ་བདེ་འཇགས་ལ་མཐོང་ཆེན་མི་བྱེད་པའི་ཉེན་བརྡ་ཞིག་ཀྱང་ཅི་ལ་མིན།

དུས་དེ་ནས་བཟུང་། “ཞ་རའི་ལམ་སྟོན་ཡིན། གྱོལ་བོའི་ལག་རྟེན་ཡིན”ཟེར་པའི་དཔེ་བཞིན། ངས་རང་གི་སེམས་སུ་བདེ་འཇགས་ནི་ཡོད་ཚད་ཀྱི་བདེ་སྐྱིད་ཅིག་ལ་སྣང་བར་མ་ཟད། ན་ནིང་རང་རྫོང་ནས་རླངས་འཁོར་གྱི་ལག་རྟགས་ཀྱང་བདེ་བླག་ངང་ལེན་ཐུབ་ཅིང་། ད་ལོའི་བར་དུ་དོན་རྐྱེན་ཏིལ་འབྲུ་ཙམ་ཡང་བྱུང་མ་མྱོང་། རེད་ཡ། ཉམ་ཆུང་བའི་ཚེ་སྲོག་གི་མེ་ཏོག་རེ་རེ་ལ་བདེ་འཇགས་དང་སྲུང་སྐྱོང་གི་ཉི་འོད་འཕྲོས་སུ་བཅུག་ན་ཁྲ་ལྷམ་མེར་བཞད་ཐུབ་པ་སྨོས་མ་དགོས་སོ། །

གྱེར་ཀློག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993