ཟློག་ཐབས་བྲལ་བའི་སེམས་ཁོང་གི་གས་ཆག་ཐེངས་ཤིག༼བསྡུས་རྩོམ༽
2024.08.09 ཁུངས། ཀློག་གྲངས། 22

(མཚོ་བྱང) དགེ་ལེགས་རྒྱལ་མཚན།

2012ལོའི་ཟླ3པའི་ཚེས1ཉིན་གྱི་ཕ་ཡུལ་མདའ་བཞི་ལ་ཁ་བ་མཐུག་པོ་བབས་ཡོད་ཀྱང་། སྔ་མོར་ང་མལ་ལས་ལངས་ཤིང་ཁ་ངོ་གཙང་མར་བཀྲུས་ཏེ་སློབ་གྲྭར་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད། ཡིན་ནའང་ཕྱི་རོལ་གྱི་ཁ་བ་འབབ་ཚད་ཧ་ཅང་ཆེ་བས་ངའི་སེམས་སུ་གློ་བུར་དེ་རིང་སློབ་གྲྭར་འགྲོ་ཐུབ་མིན་ལ་སེམས་ཁུར་བྱས་པ་ཡིན། དེ་ཙ་ན་ཨ་མས་སྒོ་ཐག་ཐག་རྡུང་ཞོར་དུ་ངའི་ཁང་པའི་ནང་འཛུལ་འོངས་ནས“དགེ་ལེགས། དེ་རིང་ཁྱོད་སློབ་གྲྭར་འགྲོ་དཀའ་རྒྱུ་རེད”ཟེར། རྒྱུ་མཚན“ཅི་རེད”ཅེས་དྲིས་པར། དེ་རིང་ཁ་བ་ཧ་ཅང་མཐུག་པས་ཁྱོད་ཇི་ལྟར་འགྲོ་ཟེར། དེ་ནས་ངས་ཀྱང་རེ་ཞིག་ལ་སེམས་ཁུར་བྱས་ནས་བསྡད། ཡིན་ནའང་རིག་གནས་ཡོན་ཏན་ཞིག་སྦྱངས་རྒྱུའི་འདུན་པ་དེ་ངའི་སེམས་ཁོང་དུ་ནམ་ཡང་འགོག་ཐབས་རང་མི་འདུག་པས། སུས་ཀྱང་དེ་ལ་བར་ཆད་གཏོང་རྒྱུ་ནི་དགོད་གཏམ་ཡིན་སྙམ་ནས་སློབ་གྲྭ་ལ་འགྲོ་བའི་ལམ་དུ་ཆས།

ངེད་ཚང་གི་རྐང་ལམ་ཕྲ་མོ་དེ་ཁ་བས་གཡོགས་ནས་ལམ་སྣེ་ཙམ་ཡང་མཐོང་དཀའ་བས། རླངས་འཁོར་ཞིག་འགྲོ་རྒྱུ་ཡོད་པ་ཕར་ཞོག་ཐ་ན་འཕྲུལ་རྟ་ཙམ་ཡང་འགྲོ་མི་ཐུབ་པའི་སྟབས་ཀྱིས། ཨ་མས། ངེད་ཚང་གི་ཁྱིམ་མཚེས་ཚང་ལ་དོན་གྲུབ་ཟེར་བའི་གསར་བུ་ཞིག་ཡོད་པ་དེ་ལ་སང་ཐཱ་ན་རྟགས་ཅན་གྱི་རླངས་འཁོར་བདེ་མོ་ཞིག་ཡོད་པ་ལ་བཤད་ནས། ང་རང་སློབ་གྲྭར་འགྲོ་བར་མཐུན་རྐྱེན་ཡག་པོ་ཞིག་བསྐྲུན། དེ་བས་ཁ་བ་ལྷབ་ལྷུབ་ཏུ་འབབ་བའི་ཉིན་དེར། ང་དང་དོན་གྲུབ་གཉིས་ཀ་སྤྱི་ལེ་བདུན་ཅུ་ཙམ་ཡོད་པའི་རྫོང་མཁར་དུ་འགྲོ་བའི་ལམ་དུ་ཆས། དོན་གྲུབ་ཁ་ལོ་བ་ཡིན། ང་ཁོ་ཡི་གཡས་ཕྱོགས་སུ་ཡོད་པའི་རྐུབ་སྟེགས་སུ་བསྡད་ཡོད། ལམ་ངོས་ཀྱི་ཁ་བ་དེ་འདྲ་མཐུག་རྒྱུ་མེད་ནའང་། ལམ་གྱི་གཡས་གཡོན་གང་ཡིན་ཡང་ཆབ་རོམ་དང་འཁྱག་དར་ཆགས་ཤིང་། རླངས་འཁོར་མགྱོགས་པོར་བརྒྱུགས་ན་ཉེན་ཁ་འབྱུང་སྲིད་པས། ངས་དོན་གྲུབ་ལ་གཟབ་གཟབ་གནང་དགོས་ཚུལ་གྱི་བསླབ་བྱ་ནན་གྱིས་བཏང་བ་ན། དོན་གྲུབ་ཀྱིས་འདི་ལྟར་འགྲོས་དལ་མོས་སོང་ན་ཁོ་གཉིས་འགྲོ་སའི་གནས་ལ་ཐོན་ཐབས་དཀའ་བས་རླངས་འཁོར་གྱི་སྣུམ་སྒོ་ཅུང་ཙམ་མནན་ནས་མགྱོགས་པོར་བཏང་། ང་རང་སྡོད་སའི་རླངས་འཁོར་གྱི་གོམ་ལག་ཤིན་ཏུ་བདེ་བས་ཡུན་རིང་མ་འགོར་བར་ལམ་བར་གྱི་རི་རབ་དང་ཟམ་པ། རྩྭ་ཐང་། རི་ཆུ་བཅས་མིག་རྡེབ་དབང་མ་བྱུང་བར་རྒྱབ་ཏུ་བསྐྱུར།

འདི་ལྟར་ངེད་གཉིས་སོང་སོང་མཐར། མདུན་ཕྱོགས་སུ་དཀྱོག་ལམ་ཞིག་ཡོད་པ་དེ་སྣང་མེད་དུ་བཞག་ནས་རླངས་འཁོར་གྱི་སྣུམ་སྒོ་ཤུགས་ཀྱིས་ཡང་བསྐྱར་ཅིག་མནན་བྱུང་བ་ན། རླངས་འཁོར་དེ་མ་ཐག་གཡས་ཕྱོགས་ཀྱི་གཡང་སར་ལྷུང་སྟེ། ཡུལ་ཙམ་ལ་ངའི་དབང་བོའི་ནུས་པ་ཤོར་ནས་རྐང་ལག་བཞི་བོ་སྲ་བཅིར་བཅིར་དུ་བཏང་། དོན་གྲུབ་ཀྱིས། དགེ་ལེགས། ཁྱོད་ལ་སྐྱོན་མེད་དམ་ཟེར། ངས་ཀྱང་དོན་གྲུབ་ལ་ལག་པ་ཡ་གཅིག་ཕར་ཆེར་བཅག་པ་འདྲ་ཞེས་བཤད། ཁྱོད་ཀྱིས་མྱུར་མོར་འགྲིམ་འགྲུལ་ཉེན་རྟོག་དང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་རྒྱོབ་ཅེས་བཤད།

སྐད་ཅིག་ཉིད་དུ་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་དེས་ང་རང་སློབ་གྲྭར་འགྲོ་བར་ཟླ་ངོ་གཅིག་གི་བར་ཆད་བཟོས། ཡིན་ནའང་། ཚེ་སྲོག་གལ་ཆེན་ཡིན་ཚུལ་སུས་ཀྱང་ཤེས་ཏེ། དོན་གྲུབ་ཀྱིས་འཚབ་འཚུབ་ངང་སྨན་ཁང་དང་ངའི་ཁྱིམ་བདག ད་དུང་འཛིན་གྲྭའི་དགེ་རྒན་བཅས་ལ་རླངས་འཁོར་དོན་རྐྱེན་བྱུང་ཚུལ་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཡར་ཞུ་བྱས། ང་མྱུར་སྐྱོབ་རླངས་འཁོར་ནང་དུ་བཞག་སྟེ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ། སྨན་ཁང་དུ་སྨན་པས་ངའི་ལུས་ལCTབརྟག་ཆས་སྤྱད་དེ་རུས་པ་གས་ཆག་བཏང་ཡོད་མེད་ལ་བརྟག་བཤེར་བྱས་མཐར། མཇུག་འབྲས་ལྟར་ན་ངའི་གཡོན་ལག་བཅག་འདུག་ཟེར། དེ་ནས་ཏག་ཏག་ཟླ་གཅིག་གི་རིང་ལ་སྨན་ཁང་དུ་མི་འདུག་ཐབས་མེད་བྱུང་། རྗེས་སུ་དོན་གྲུབ་ཀྱིས་ངའི་ཨ་མ་ཁྲིད་དེ་སྨན་ཁང་དུ་ང་ལ་བལྟ་རུ་ཡོང་། ཁོས་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་བརྒྱུད་ང་ཚོས་ནམ་ཡང་ཚེ་སྲོག་ལ་གཅེས་སྐྱོང་གི་འདུ་ཤེས་དམ་པོ་བཅངས་ནས་གནམ་གཤིས་འགྱུར་ལྡོག་སོགས་ཕྱི་རོལ་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་དང་མ་བསྟུན་ན་ནམ་ཡང་ཕྱིར་ཟློག་བྲལ་བའི་གོད་ཆག་བཟོ་སྲིད་ཅེས་ཡང་ཡང་འགྱོད་བཤགས་བྱས།

གྱེར་ཀློག་པ། བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993