(རྨ་ལྷོ) དཀོན་མཆོག་རྒྱལ་པོ།
དེ་རིང་ནི་དབྱར་གནང་གི་དུས་ཚོད་མཇུག་རྫོགས་ཏེ་སློབ་སྐབས་གསར་པ་མགོ་རྩོམ་པའི་ཉིན་མོ་ཡིན་པས། སྔོན་མ་ནང་བཞིན་འབྲེལ་ཡོད་ཀྱི་ལས་ཀའི་ཕྱོགས་ནས་གྲ་སྒྲིག་འཛོམས་པོ་རེ་བྱས་ནས་སློབ་གྲྭར་སོང་། ཡིན་ནའང་འཛིན་བདག་དགེ་རྒན་ཆེ་གེ་མོས་བཤད་པའི་གནས་ཚུལ་གློ་བུར་བ་དེས་ཡོད་ཚད་དར་ཅིག་ལ་ནག་འཐོམ་མེར་གྱུར་པ་དང་སྔ་དྲོ་གཅིག་གི་རིང་ལ་གཞུང་ལས་ཁང་ནས་ཅི་བྱ་འདི་བྱ་མེད་པར་ཧད་དེ་ལུས། མདུན་ཅོག་སྟེང་བཀྲམས་པའི་སློབ་སྐབས་གསར་པའི་འཛིན་གྲྭའི་དོ་དམ་དང་སློབ་རའི་བདེ་འཇགས་སྐོར་གྱི་ཡིག་ཆ། ད་དུང་མི་འགྱངས་པར་གཏན་འབེབས་བྱ་དགོས་པའི་འཆར་གཞིའི་རྩིས་ཁྲ་དེ་དག་ཀྱང་རབ་རིབ་མག་མོག་ཅིག་ཏུ་སྣང་།
འབྲོག་ཁུལ་ནས་ཐོན་པའི་སློབ་བུ་ཁོ་ད་དུང་ལོ་ན་ཉི་ཤུ་ལའང་སོན་མེད། སློབ་སྐབས་སྔོན་མར་ཁོས་སློབ་ཁྲིད་ཐོག་ཁང་གི་གྲུ་ཟུར་ཞིག་ན་ལྐོག་ཏུ་དུ་བ་འཐེན་བཞིན་པ་ལས་རེས་དགེ་རྒན་གྱི་ལག་ཏུ་ཚུད་པས་ཀུན་སྤྱོད་སློབ་སྟོན་ཁང་དུ་བོས་ནས་སློབ་གསོ་བཏང་བ་རེད། དོན་དག་དེ་ལ་རྐྱེན་བྱས་ཏེ་སློབ་བུ་ཁོ་ནམ་རྒྱུན་སློབ་མ་སྟོང་ཕྲག་གཅིག་ལྷག་གི་ཁྲོད་ནས་ངའི་མིག་ནང་ལ་བར་མེད་དུ་ཐོགས་འོང་པ་ཞིག་རེད། མགོ་སྐྲ་ཅུང་འཇིལ་ལིར་ཆགས་པ། གཟུགས་པོའི་རིང་ཐུང་ཚད་དང་རན་པ། ལུས་པོ་ཅུང་ཟད་རྒྱགས་པ་ཆགས་པ། མིག་གཉིས་ཆེ་ཞིང་སྒོར་ལ་ཆ་ག་ཅན། སྐྱོན་ལ་ཐོགས་ཀྱང་གདོང་ལ་རང་བྱུང་གི་འཛུམ་མདངས་འཁྱིལ་བ། ཕར་ལ་སྐད་ཆ་མ་དྲིས་ཀྱང་ཚུར་ལ་མང་པོ་ཞིག་ལབ་ཡོང་བ། བལྟས་ཚོད་ཀྱིས་ཁྱོད་ལ་རྐང་རྩེད་སྤོ་ལོ་རྩེ་བའི་ཆ་རྐྱེན་ཡོངས་སུ་ཚང་འདུག་སྙམ་པའི་འབྲོག་ཕྲུག་སྙིང་རྗེ་ཞིང་ཡིད་དུ་འོང་བ་ཞིག་རེད།
དེ་ནས་ཕལ་ཆེར་ཟླ་ངོ་གཅིག་ལྷག་འགོར་ཟིན་པ་འདྲ། ཁ་པར་ཨང་གྲངས་རྒྱུས་མེད་ཅིག་གིས་ཁ་པར་ཐོན་ཏེ་ཁོ་ནི་ངེད་སློབ་གྲྭ་ཚུད་པའི་སྡེ་ཁུལ་དེའི་མངགས་གཏོང་ཁང་གི་མི་སྣ་ཞིག་ཡིན། ཁྱེད་སློབ་གྲྭའི་སློབ་བུ་ཞིག་གིས་འགྲིམ་འགྲུལ་སྒྲིག་སྲོལ་སྣང་མེད་དུ་བཞག་སྟེ་རྒྱ་སྲང་ན་འཕྲུལ་རྟ་སྨྱོན་པས་བསྐོར་བསྐོར་བྱེད་བཞིན་པ་ང་ཚོའི་ལག་ཏུ་ཚུད་དེ་འདིར་བཀག་ཉར་བྱས་ཡོད་པས་ད་རེམ་མར་ལེན་དུ་ཤོག་ཟེར། ང་རང་ཅུང་ཟད་འཚབ་སྟེ་སློབ་བུ་སུ་ཞིག་ཡིན་པ་ཡང་འདྲི་རྒྱུ་བརྗེད་ནས་ཐད་ཀར་མངགས་གཏོང་ཁང་དུ་སོང་བ་ཡིན། མངགས་གཏོང་ཁང་གི་སྒོ་ཆེན་ཁར་ཐོན་ནས་ར་སྐོར་ནང་དུ་འཛུལ་བ་ན་རང་གི་མིག་ཟུང་ལ་ཡང་ཡིད་མི་ཆེས་པ་ལྟ་བུ་ཞིག་བྱས་སོང་། མ་གཞི་འགྲིམ་འགྲུལ་སྒྲིག་སྲོལ་ལ་འགལ་མཁན་གྱི་སློབ་བུ་ནི་སྔོན་མ་དུ་བ་འཐེན་མཁན་གྱི་སློབ་བུ་ཁོ་ཡིན་ལ། ང་མཐོང་མ་ཐག་ཏུ་ངོ་གདོང་དམར་པོར་གྱུར་ཞིང་འཛུམ་དམུལ་དམུལ་གྱིས་ཅི་ཞིག་བཤད་འདོད་ཀྱི་རྣམ་འགྱུར་སྟོན་བཞིན་ཚུར་ལ་ཐོན། མངགས་གཏོང་ཁང་གི་མི་སྣས་ཀྱང་གཟབ་ནན་གྱི་ངོ་མདངས་ག་ལེར་བསྡུས་ཏེ་ཁྱེད་ཚོའི་སློབ་མ་འདི་ནི་ན་གཞོན་སྐྱིད་པོ་ཞིག་རེད། ངའི་མདུན་དུ་ད་དུང་ཁོའི་འཕྲུལ་རྟའི་ཞོན་རྩལ་བཟང་རབས་དང་ངར་རབས་བཤད་ཀྱིན་འདུག ཡིན་ནའང་ཁོའི་ལས་སྟངས་འདི་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གནོད་པའི་སྒྲིག་འགལ་གྱི་དོན་དག་ཆེན་པོ་ཞིག་ཡིན་པས་སློབ་གྲྭས་ཀྱང་ཆད་པ་ལྕི་མོ་དང་སློབ་གསོ་ནན་མོ་གཏང་དགོས་ཞེས་གདམས། དེ་ནས་ངེད་གཉིས་ཕྱིར་ལོག་ཁར་ཁོས་སྔར་བཞིན་མིག་ཤ་ལྷེམ་ལྷེམ་དང་སྒྱིད་པ་འདར་འདར་གྱིས་ཕྱིན་ཆད་མཉམ་འཇོག་གང་ལེགས་བྱེད་ངེས་ཡིན་ཞེས་ངོས་ལེན་ཟབ་མོ་བྱེད་ཞོར། དགེ་རྒན་ལགས། དྲང་མོར་བཤད་ན་དེ་རིང་གི་འཕྲུལ་རྟ་ཞོན་སྟངས་འདི་ནི་ངས་སྒྲིག་འགལ་ཞིག་ཡིན་པ་གཏན་ནས་བསམས་ཀྱིན་མེད། ཕ་ཡུལ་ནས་འདི་ལྟར་ནངས་དགོང་མཚན་གསུམ་ལ་ཅི་འདོད་གང་འདོད་ཀྱིས་ཞོན་དུས་ཀྱང་ཁྱིམ་བདག་གིས་ཅི་ཡང་ཟེར་མ་མྱོང་། ངེད་གྲོགས་པོ་ཚོའི་དབྱར་དགུན་གནང་སྐབས་ཀྱི་འཕྲུལ་རྟ་ཞོན་སྟངས་ནི་འདི་ལས་ལྡབ་འགའ་ཡིས་ལྟད་མོ་ཡོད་ནི་རེད་ཟེར་བཞིན་གཉའ་ལྟག་འཕྲུག་ཞོར་ལྕེ་བསྣར་རེ་བྱེད། ངས་སྐབས་དེར་སྨིན་མ་བསྡུས་ནས་ཁོ་ལ་སྐད་ཆ་ཡག་པ་ཚིག་གཅིག་ཀྱང་མ་བཤད་མོད། དེ་ནས་བཟུང་སྟེ་སློབ་གྲོགས་ཁོ་ལ་གང་ནས་འཕྲད་ཀྱང་ཐད་ཀར་དགོད་འཛུམ་ཤིག་ཤིག་གིས་ངའི་མདུན་དུ་རྒྱུགས་འོང་སྟེ་གུས་ཞབས་དང་བཅས་ང་ལ་ཁ་གྲག་ཅིང་། སྐད་ཆ་སྐྱིད་པོ་སྣ་ཚོགས་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་ལབ་ཡོང་བས་ངེད་གཉིས་དངོས་གནས་གྲོགས་པོ་བཟང་པོ་ལྟ་བུ་ཞིག་ཏུ་ཆགས་སོང་། ལོ་དེའི་དབྱར་གནང་གཏོང་སྐབས་ཀྱང་སློབ་གྲྭའི་འགྲོ་རིམ་ལྟར་སློབ་གྲོགས་ཡོངས་རྫོགས་ལུས་རྩལ་ར་བར་བསྡུས་ནས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གུང་གསེང་གི་བདེ་འཇགས་ཕྱོགས་ནས་ཁ་ཏ་མང་པོ་བྱས་པ་དང་། ནང་སྒོས་སུ་འགྲིམ་འགྲུལ་བདེ་འཇགས་ཐད་ལ་ཁ་འགྲམ་ནས་ཝུ་དཀར་འཕྱུར་རག་བར་དུ་བཤད་པ་ཡིན། ཡིན་ནའང་དེ་རིང་གློ་བུར་དུ་གྲོགས་པོ་ན་གཞོན་ཁོར་དབྱར་གནང་སྐབས་སུ་འཕྲུལ་རྟའི་དོན་རྐྱེན་བྱུང་བའི་གཏམ་ངན་དེ་ཐོས་པ་ན་ངའི་ཡིད་སེམས་ཁོང་དུ་ཆུད་པར་གྱུར་ཞིང་། མིག་ལམ་དུ་འཕྲུལ་རྟའི་འཕོངས་ལ་སློབ་མ་གསུམ་བཞི་རེ་བསྒྲིགས་ཏེ་ལྡིར་སྒྲ་དང་བཅས་མདའ་འཕངས་པ་ལྟར་རྒྱུག་པའི་རྣམ་པ་དག་ཀྱང་འཆར་ཡོང་བས་རང་དབང་མེད་པར་དངངས་འདར་ཞིག་རྒྱག་དགོས་བྱུང་།
གྱེར་ཀློག་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993