(ཁྲི་ཀ) གཟུངས་སྐྱབས་རྒྱལ།
“ཨ་ཕ་ཁྱེད་གང་དུ་འགྲོ་འམ། ཕྱིར་ལོག་དུས་ང་ལ་ཀ་ཀ་དང་རྩེད་ཆས་མང་པོ་ཉོས་ཏེ་ཡོང་རོགས”ལོ་ན་ཆུང་བའི་གཅེས་ཕྲུག་སྙིང་རྗེ་ཞིག་གིས་རླངས་འཁོར་གྱི་སྒོ་ཟྭ་འབྱེད་པར་རྩོམ་པའི་འབུམ་ཐར་གྱི་རྗེས་ནས་བོས་པས། འབུམ་ཐར་དེ་མ་ཐག་ཕྱིར་འཁོར་ནས་བུ་ཆུང་དེའི་མགོ་ལ་བྱིལ་བྱིལ་གྱིས་འགྲམ་པའི་སྟེང་དུ་འོ་བྱེད་ཞོར“གཅེས་ཕྲུག ཁྱོད་ཀྱིས་སྒུག་སྡོད་དང་། ཨ་ཕས་ཁྱོད་ལ་བཟའ་རྒྱུ་མང་པོ་ཉོས་ཡོང”ཞེས་ལམ་དུ་ཆས།
ནུབ་ཁའི་ཉིན་བྱེད་ནི་བུ་ཕྲུག་མཐུ་འོག་ནས་བསྐྱུར། ཕ་མ་ཁྱིམ་ཕུགས་སུ་བཞག་སྟེ་ཐག་རིང་བྱེས་ལ་ཆས་དུས། ཡིད་སེམས་གཞིས་སུ་འཁྲེང་བའི་ཁྱིམ་གྱི་བདག་མོ་ཞིག་དང་འདྲ་བར་ནུབ་མཐའི་རི་རྩེ་ནས་ཡལ་ལ་ཉེ། དུས་རྒྱུན་ཉིན་ཧྲིལ་པོར་འཁོར་ལོའི་འགྲོ་འོང་རེ་གཉིས་ལས་མེད་པར་ཁུ་སིམ་སིམ་དང་དབེན་ཐང་ཐང་དུ་གནས་པའི་འབུམ་ཐར་ཚང་གི་རུ་བ་སྡོད་པའི་ལུང་བའི་ནང་གི་ཀྱག་ཀྱོག་ཏུ་འཐེན་པའི་ས་ལམ་དེར། ལོ་སར་ཚེས་གཅིག་བཞིན་རླངས་འཁོར་འགའ་རྟ་རྒོད་རྒྱུག་པ་ལྟར་སླེབས། ནོར་ལྷས་སུ་འབྲི་མོ་འཇོ་བའི་འབུམ་ཐར་གྱི་ཆུང་མས་གློ་བུར་དུ་རླངས་འཁོར་འགའ་ཐོན་པ་ཅི་ཡིན་སྙམ་ནས་བློ་མ་བདེ་བར་བཞོ་ཟེའུ་བཟུང་ནས་སྔོན་བསུས། ལྷས་འདབས་སུ་གོར་མ་རྡོ་ཡིས་རྩེད་མོ་རྩེ་བཞིན་པའི་བུ་ཆུང་དེས་རླངས་འཁོར་གྱི་སྒྲ་ཐོས་མ་ཐག “ཨ་ཕ་ཐོན་བྱུང་། ཨ་ཕས་ང་ལ་ཀ་ཀ་དང་རྩེད་ཆས་ཉོས་ཡོད”ཅེས་ས་ལྡིང་གནམ་ལྡིང་བྱེད།
སྐབས་དེར་ལོ་ན་བགྲེས་པའི་རྒད་པོ་ཞིག་གི་གདོང་ལ་བློ་ཕམ་གྱི་ཉམས་ཤིག་མངོན་བཞིན་འབུམ་ཐར་གྱི་ཆུང་མ་ལ“ཞི་མོ། འབུམ་ཐར་ལ་རླངས་འཁོར་དོན་རྐྱེན་བྱུང་སྟེ…”ཞེས་ཚིག་མཇུག་མ་རྫོགས་པར། མོའི་ལག་གི་བཞོ་ཟེའུ་ཐང་ལ་ལྷུང་ནས་དྲན་མེད་དུ་འགྱེལ། དེར་སླེབས་པའི་མི་མང་པོས་སྐྱོ་གདུང་གི་མིག་ཆུ་འབྱིན་བཞིན་འདུ་འགོད་སྤྲིན་ལྟར་འཁྲུག་པའི་གསེབ་ཏུ། བྱིས་པ་ཆུང་ཆུང་དེས་རླངས་འཁོར་གྱི་སྒྲ་རེ་ཐོས་པ་ན། “ཨ་ཕ་ཐོན་བྱུང་། ཨ་ཕ་ཐོན་ན་ང་ལ་ཀ་ཀ་དང་རྩེད་ཆས་མང་པོ་ཉོས་ཡོད”ཅེས་སྒུག་འདུག སྐབས་དེར་མི་ཞིག་གིས་རྩེད་ཆས་གསར་པ་ཞིག་ཁྱེར་ཡོང་སྟེ། “ངས་ཁྱོད་ལ་རྩེད་ཆས་སྟེར། འུ་གཉིས་ཁྱིམ་ལ་འགྲོ”ཞེས་བཤད་པ་ན། བྱིས་པ་ཆུང་ཆུང་དེས་མཆི་མ་འཁོར་བའི་མིག་ཟུང་གིས་ལམ་ཁར་ལྟ་བཞིན། “ང་ལ་རྩེད་ཆས་མི་དགོས། ཨ་ཕ་དགོས”ཞེས་ངུ་ཅོར་བྱེད།
འབུམ་ཐར་རྫོང་མཁར་དུ་ཐོན་ནས་འཚོ་བའི་མཁོ་ཆས་ཙག་ཙིག་ཉོས་ཏེ་རྩེད་ཆས་ཚོང་ཁང་ཞིག་ཏུ་འཛུལ་གྲབས་སུ་སྐད་འཕྲིན་གྱི་སྒྲ་གྲགས། ཆང་གྲོགས་རྡོར་བྷ་ཡིས་སྐད་བཏང་འདུག“རྫོང་མཁར་དུ་ཡོང་དུས་བརྡ་ཐོངས་དང་། ཚེ་གཅིག་སྐྱིད་ལ་རོལ་བའི་འབྱོར་བ་མེད་ཀྱང་། ཉིན་གཅིག་བདུད་རྩི་བཞེས་པའི་ཤོག་སྒོར་འགའ་བདོག ངས་ཁྱོད་ལ་མགྲོན་བྱེད”སྐད་ཆ་དེ་འབུམ་ཐར་ལ་མཚོན་ན་དཔྱིད་མ་མོའི་རྣ་ཡི་ཁུ་བྱུག་གི་གསུང་སྐད་དུ་གྱུར་ཏེ། ཟ་ཁང་ཞིག་ཏུ་འཕྲད་པའི་དུས་ཆད་བཏབ།
འབུམ་ཐར་དང་རྡོར་བྷ་གཉིས་ཀྱིས་ཟ་ཁང་དེ་རུ་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་ཞེས་པ་ལྟར་ཤ་ཚོད་ཟས་ཀྱི་རི་རབ་བརྩིགས་ཤིང་བཏུང་བ་ཆང་གི་མཚོ་མོ་བསྐྱིལ་ཏེ་ཆུ་ཚོད་གཉིས་ལྷག་འདས། འབུམ་ཐར་གྱིས་ཆང་མི་འཐུང་ཟེར་བཞིན་སྦི་རག་དམ་བུ་མང་པོ་ཞིག་འཐུངས་པས་སྣང་བ་ར་རོ་བར་གྱུར་འདུག རྡོར་བྷས་འབུམ་ཐར་ལ“ཆང་འཐུངས་རྗེས་རླངས་འཁོར་བསྐོར་མི་ཉན། རླངས་འཁོར་གཏོང་དུས་ཆང་བཏུང་མི་ཉན་པས། དེ་རིང་འདུག་རྒྱུ་བྱོས”ཞེས་བཤད་མོད། འབུམ་ཐར་གྱིས་ཡུལ་ན་དོན་གལ་ཆེན་ཞིག་ཡོད་ཅེས་ཨུ་ཚུགས་གཡག་སྣ་ཁུ་ཚུར་བྱས་པས། རྡོར་བྷ་འུ་ཐུག་ཐབས་ཟད་དུ་གྱུར། ཡུན་རིང་མ་སོང་བར། རྡོར་བྷས་འབུམ་ཐར་ལ་ཁ་པར་བཏང་བ་ན། ཕ་རོལ་པོས“བདག་པོར་འཁོར་བགེག་བྱུང་འདུག”ཟེར། རྡོར་བྷས་དེ་མ་ཐག120ལ་འབྲེལ་གཏུག་གིས་མྱུར་སྐྱོབ་རླངས་འཁོར་ཁྲིད་དེ་ཡུལ་དངོས་སུ་འབྱོར་ཡང་ངལ་བ་འབྲས་མེད་དུ་གྱུར་ཅིང་། འབུར་ཐར་གྱིས་ཕྱོགས་སྟོན་གློག་གི་བརྡ་མ་བཏང་བར་ལམ་དཀྱིལ་ནས་གློ་བུར་ཁ་ཕྱིར་འཁོར་སྐབས། རྗེས་སུ་བྱ་འཕུར་བ་ལྟར་རྒྱུག་པའི་ཟོང་སྐྱེལ་རླངས་འཁོར་ཞིག་གིས་འཁོར་སྒེག་མནན་ཀྱང་ཚོད་འཛིན་མ་ཐུབ་པར་གདོང་ཐུག་བརྒྱབ་སྟེ་ཕལ་ཆེར་བཅིར་ནས་ལེབ་མོར་བཟོས་ཏེ་ཁྱིམ་ཚང་ཞིག་གི་ཀ་བ་འགྱེལ་ཞིང་བུ་ཕྲུག་ཅིག་གི་རེ་བ་བཅོམ་པའི་ཆག་སྒོ་བཟོས་འདུག
འབུམ་ཐར་ལ་དོན་རྐྱེན་བྱུང་ནས་བདུན་ཕྲག་གཅིག་ལྷག་འདས་སོང་། མགོ་སྐྲ་གཟེངས་ཤིང་གདོང་ཡོངས་སྐྱོ་སྡུག་གིས་ཁེངས་པའི་ལང་ཚོ་དར་བབས་ཀྱི་སྐྱེས་མ་ཞིག་སྒོ་ཕྱི་ཁྱིམ་བར་ན་འདུར་རྒྱུག་བྱེད་ལ། རེ་སྒུག་གི་མིག་ཟུང་ལ་མཆི་མ་འཁོར་བའི་བྱིས་པ་ཆུང་ཆུང་ཞིག་འབུམ་ཐར་ཚང་གི་སྒོ་འགྲམ་དུ་ལངས་ནས་ལམ་ཁར་ལྟ་བཞིན་དངན་པ་འཐེན།
གྱེར་ཀློག་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993