(ཆབ་མདོ) བསྟན་འཛིན་ནོར་རྒྱས།
ལོ་ཟླ་རིང་མོའི་ཆུ་རྒྱུན་ཁྲོད་ཀྱག་ཀྱོག་གི་ལམ་ཞིག་ཡོད་པ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྲེལ་ཡོད་ལ། གྲངས་ལས་འདས་པའི་ཕུགས་བསམ་དང་རེ་བ་ཡང་འཁུར་ནས་ཡོད། ལམ་འདིར་ང་ཚོས་ཚེ་སྲོག་གི་ལམ་ཞེས་འབོད།
ཤར་རིའི་རྩེ་ནས་ཉི་འོད་ཤར་མ་ཐག མི་རྣམས་ཚེ་སྲོག་གི་ལམ་བུ་འདིའི་སྟེང་སྐྱོད་མགོ་བརྩམས། གཞུང་ལམ་སྟེང་རླངས་འཁོར་ནི་བར་མེད་དུ་རྒྱུ་ཞིང་། ལམ་འགྲོ་བ་ནི་གྲོག་ཚང་བརྡོལ་བ་དང་གཉིས་སུ་མེད། བྲེལ་འཚུབ་ཆེ་བའི་འཚོ་བ་འདིར། འགྲིམ་འགྲུལ་ནི་མཉམ་སྒྲོག་རོལ་དབྱངས་ཤིག་དང་འདྲ་སྟེ། འཚོ་བའི་འགྲོས་དང་མཉམ་དཀྲོལ་ཡིན། འོན་ཀྱང་མཉམ་སྒྲོག་རོལ་དབྱངས་དེའི་ནང་དུ་སྣང་ཆུང་བྱེད་མི་རུང་བའི་མངོན་མེད་རྐྱེན་ངན་ཞིག་བཀབ་ཡོད་པ་ནི་འགྲིམ་འགྲུལ་བདེ་འཇགས་རེད།
སྔོན་ཆད་གཟུགས་ལང་ཚོ་མཚར་ཞིང་ཤེས་རིག་གི་སྐྱེས་སྟོབས་འབར་བའི་ན་གཞོན་བུ་མོ་ཞིག་ཡོད། མོ་ཉིན་ལྟར་བྲེལ་འཚུབ་ཆེ་བའི་ངང་གཞུང་ལམ་བརྒལ་ནས་སློབ་གྲྭར་འགྲོ་བཞིན་མཆིས། ཉིན་ཞིག་ལ། མོས་སྤྱི་སྤྱོད་རླངས་འཁོར་གྱི་རྗེས་སྙེག་པར་བྲེལ་བས་ལམ་འགྲམ་གྱི་གློག་དམར་སྣང་མེད་དུ་བཞག་ནས་གཞུང་ལམ་དཀྱིལ་དུ་སླེབས་པའི་སྐབས་དེར། མྱུར་ཚད་ཤིན་ཏུ་མགྱོགས་པའི་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་གིས་མོར་བརྡུངས་ནས་ས་ལ་འགྱེལ། སྐབས་དེར་མོའི་ཚེ་སྲོག་གི་མེ་ཏོག་སྐད་ཅིག་ཉིད་དུ་ཐོར་ནས་ནང་མི་དང་དགེ་སློབ་ཚོར་སྐྱོ་གདུང་དང་བློ་ཕམ་རྫོགས་མཐའ་མེད་པ་ཞིག་སྤྲད་ཡོད་ལ། མོ་རང་ཉིད་ཀྱི་ཡིད་ཆེས་དང་རེ་བས་ཕྱུག་པའི་མི་ཚེ་འདི་ཡང་ཉིན་དེ་ནས་བཟུང་མཇུག་བསྒྲིལ་བ་རེད།
འདི་དང་འདི་འདྲ་བའི་འགྲིམ་འགྲུལ་གྱི་ལས་འཛོལ་འཛམ་གླིང་གི་ཡུལ་གྲུ་གང་སར་ཉིན་ལྟར་ཐོན་དང་འཐོན་མུས་ཡིན། ཡིན་ནའང་ང་ཚོས་འགྲིམ་འགྲུལ་བདེ་འཇགས་ནི་འབོད་ཚིག་ཙམ་མ་ཡིན་པར་ལག་ལེན་ཞིག་ཡིན་པ་ཤེས་དགོས་ཕྱིར། ང་ཚོ་སྐྱེ་བོ་ཚང་མས་རང་ཉིད་ནས་མགོ་བརྩམ་དགོས་པ་དང་། དོན་དག་ཆུང་ཆུང་ནས་མགོ་བརྩམ་དགོས། གང་ལགས་ཤེ་ན། འགྲིམ་འགྲུལ་བདེ་འཇགས་ནི་མི་སྒེར་གྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པར་མ་ཟད། ཁྱིམ་ཚང་ཞིག་གི་བདེ་སྐྱིད་དང་སྤྱི་ཚོགས་ཤིག་གི་འཆམ་མཐུན་བརྟན་བརླིང་དང་འབྲེལ་བ་དེ་བས་ཀྱང་ཡོད།
འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་དང་གློག་དམར་མི་ལ་བརྒལ་བ། མྱུར་ཚད་ལས་མི་བརྒལ་བ། ཆང་འཐུངས་ནས་རླངས་འཁོར་མི་བསྐོར་བ་སོགས་ཀྱི་བྱ་སྤྱོད་འདི་དག་ཚང་མ་ནི་ང་ཚོ་མི་རེ་རེས་བསྒྲུབ་དགོས་ལ། དེ་དང་ཆབས་ཅིག་ང་ཚོའི་ཉེ་འཁོར་དུ་འགྲིམ་འགྲུལ་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་མཐོང་སྐབས། མདུན་དུ་སོང་ནས“བདེ་འཇགས་ལ་མཉམ་འཇོག་གནང་རོགས”ཞེས་ཤ་ཚ་བའི་དྲན་སྐུལ་བྱ་དགོས། འདི་ལྟ་བུའི་སྟབས་བདེ་བའི་སྐད་ཆ་ཞིག་གིས་ཚེ་སྲོག་ཅིག་སྐྱོབ་ཐུབ་ལ། སྐྱོ་གར་ཞིག་འབྱུང་བར་སྔོན་འགོག་ཀྱང་བྱ་ཐུབ།
ཚེ་སྲོག་གི་ལམ་འདི་ནས། ང་ཚོ་ཚང་མ་ལམ་འགྲོ་བ་ཡིན། ང་ཚོས་ཐུན་མོང་ཐོག་དེར་སྲུང་སྐྱོང་བྱས་ཏེ་དྲོ་སྐྱིད་དང་རེ་བས་ཁེངས་པའི་ཚེ་སྲོག་ཚང་མ་བདེ་འཇགས་ངང་ལམ་གྱི་ཕ་རོལ་དུ་སླེབས་ཐུབ་པར་བྱ་དགོས། ང་ཚོས་ལག་གདང་སྦྲེལ་ནས་འབོད་སྐུལ་བཏང་སྟེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ཤིག་ལེགས་སྐྱེས་སུ་དབུལ་དགོས། དེ་ལྟར་བྱས་ཚེ་ང་ཚོས་གཞི་ནས་ཚེ་སྲོག་གི་ལམ་བུ་སྔར་བས་རྒྱ་ཆེ་ཞིང་། སྔར་བས་བདེ་བླག་དང་མཛེས་སྡུག་ལྡན་པར་ཞིག་བསྐྲུན་ཐུབ། རང་གཞན་ཀུན་གྱི་ཚེ་སྲོག་བདེ་ཐང་ཆེད། ། འགྲིམ་འགྲུལ་སྒྲིག་སྲོལ་ཁག་ལ་བརྩི་སྲུང་དང་། །
གཞུང་ལམ་འཕྲེད་བཅད་གཏོང་བའི་སྐད་ཅིག་ལ། ། ཁ་པར་ལ་སོགས་མ་རྩེད་ལམ་ལ་ལྟོས། ། ཁྱིམ་ཚང་ཡོངས་ཀྱི་ཞི་བདེ་བརྟན་བརླིང་ཆེད། །
ཀུན་གྱིས་འགྲིམ་འགྲུལ་བདེ་འཇགས་ཡིད་ལ་ཟུངས། ། ལམ་ཟུར་བཀོད་འདོམས་གློག་ལ་ལྟ་བཞིན་དུ། ། སེམས་
འཚུབ་སྤངས་ཤིང་ལམ་ལ་གཟབ་ནས་སྐྱོད། །
གྱེར་ཀློག་པ། རྟ་མགྲིན་སྐྱབས།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993