(ཀླུ་ཆུ) ཚེ་རིང་འཚོ།
ལྷིང་འཇགས་ཀྱི་མཚན་མོ་ཨག་སྐད་ཀྱིས་དཀྲོགས་པའི་ཁྲོད་སྒོ་ཁྱི་ལས་ཅི་ཡང་སད་མ་བྱུང་། ཆུ་ཚོད་གཅིག་རིང་ལ་གཞུང་ལམ་སྟེང་རྒྱུན་མི་ཆད་པའི་གློག་འོད་ཆེམ་ཆེམ་ཁྲོད་མི་ཞིག་གི་བྱམས་བརྩེ་མཐོང་མ་ཐུབ་པའི་སྐད་ཅིག་མ་དེར། ང་རང་མིའི་བརྩེ་བ་དང་སྙིང་རྗེ་ལ་ཐེ་ཚོམ་ཟ་ཞོར་ཡང་བསྐྱར་གློག་སྒྲོན་འོད་ཆེན་ཁྲོད་ནས་ཕུ་ཐུང་གནམ་ལ་གཡུགས། མཐེ་བོང་ཡར་ལ་བསླངས་ཏེ་ཁོའི་ཚེ་སྲོག་སྐྱོབས་རོགས་ཞེས་ངུ་ངག་གི་དབྱངས་རྟས་ལྷིང་འཇགས་དཀྲོགས་པའི་མཚན་མོ་དེ་དྲན་ཚེ། ད་དུང་ཡང་དངངས་སྐྲག་ཅིག་སྐྱེས་འོང་།
མཚན་མོ་དེར་ཁོའི་རྒྱུན་ལྡན་མིན་པའི་ཨུ་ཚུགས་ཀྱི་རྣམ་འགྱུར་དེ་བར་ཆད་ཡིན་ནམ། ཡང་ན་སྔོན་བསགས་ཀྱི་ལས་དབང་ཞིག་གིས་ངེད་གཉིས་ཀྱིས་མི་ཡུལ་ནས་འཁྲབ་སྟོན་དེ་འདྲ་ཞིག་བྱ་དགོས་པ་རེད་དམ། གང་ལྟར་ཕར་ལམ་བདེ་འཇགས་ངང་སོང་མོད། ཚུར་ལམ་སྡུག་བསྔལ་ལ་སྦྱར་བ་དེ་དྲན་མི་ཕོད།
དམིགས་སར་འབྱོར་བའི་སྐབས་དེར་ང་ལ་རེ་བ་ཞིག་ཡོད་པ་ནི་ད་ནི་ངེད་གཉིས་ཕྱི་ཉིན་གྱི་ཞོགས་པར་ལམ་ལ་ཆས་རྒྱུ་བྱས་མོད། ཁོའི་ཨུ་ཚུགས་ཀྱི་གཤིས་ཀར་རྒོལ་ཐབས་ཡེ་ནས་མ་བྱུང་བས། ཁོ་གཅིག་པུ་འགྲོ་རུ་འཇུག་མ་ཕོད་པར་ང་རང་ཁོ་དང་མཉམ་དུ་ཕྱིར་ཡོང་།
མིག་ཟུང་བཙན་གྱིས་ཕྱེས་ཀྱང་བཙུམས་འགྲོ་བ་ནི་དོན་རྐྱེན་དེ་ཡི་སྔོན་བརྡ་ཡིན་ནམ། སྨྲ་བ་འགགས་པའི་ལྷིང་འཇགས་ནི་བར་ཆད་དེ་ཡི་སྟ་གོན་ཡིན་ནམ། གཞུང་ལམ་དྲང་ཆེ་བས་རྒྱུག་ཚད་ཀྱི་ཟིན་ཐོ་བརྒལ། ལམ་འགྲམ་གྱི་ཀ་རྡོ་ཐུང་ཐུང་བཅུ་ལྷག་ལ་བརྡུངས་ནས་གཞུང་ལམ་གྱི་གཡས་ཕྱོགས་སུ་ཐེངས་གཉིས་གསུམ་ཙམ་འཁོར་བ་ནི་ངེད་གཉིས་ཀྱི་རླངས་འཁོར་རེད། སྐད་ཤུགས་ཆེན་པོས་གསོལ་འདེབས་བྱེད་ཞོར་ཁོའི་མིང་ནས་འབོད་སྐབས་ཁོ་ལ་གྲག་འགུལ་ཅི་ཡང་མེད་པར་ངའི་གཡས་ལག་ལ་འཇུས་འདུག ང་རང་ཁོའི་སྟེང་ན་ཡོད་པས་ང་ལ་རྨས་སྐྱོན་གང་ཡང་མ་བྱུང་། ངས་ངུ་སྐད་འདྲེས་མས་སླར་ཡང་ཁོའི་མིང་ནས་བོས་མོད། ཨ་ལན་མེད་ཀྱང་ཤིན་ཏུ་ཉམ་ཆུང་བའི་འཁུན་སྒྲ་ཞིག་ཞེ་ཡི་གཏིང་ལ་ཟུག དེ་མ་ཐག་ཁོ་རང་ཐེངས་འགར་བསྒུལ་ནས་ཁྱོད་ཀྱིས་ང་ལ་ཁ་ཞིག་གྲག་རོགས། ཁྱོད་ཀྱིས་ང་ལ་ཁ་བརྡ་གློད་རོགས། ཁྱོད་ཀྱིས་ཅི་ཡང་མི་བཤད་པར་མ་འདུག་ཨང་། མུན་ནག་འདིར་ང་རང་ཤིན་ཏུ་སྐྲག་ཅེས་ངུ་ངག་གིས་སྐད་ཆ་མང་པོ་ལབ་སྐབས། ཁོ་རང་འགུལ་ཙམ་འགུལ་ཙམ་གྱིས་བདག་གི་ཕྲག་པར་འཇུས་ནས་ཡར་ལངས་གྲབས་བྱས་མོད། ཡར་ལངས་ག་ལ་ཐུབ། ཡིན་ནའང་ཁོ་བཙན་གྱིས་དགྱེ་བའི་རྣམ་པ་དེས་ང་ལ་སྙིང་ཕུར་ཞིག་བརྡབས་སོང་། མིག་ཆུ་བཞུར་མཚམས་བཞག་ནས་འཚབ་འཚུབ་ངང་ལག་ཁྱེར་ཁ་པར་བཙལ། ཡིད་སྐྱོ་བ་ཞིག་ལ་ངའི་ལག་ཁྱེར་ཁ་པར་ནང་དུ་སྒོར་མོ་ཚར་འདུག་པའི་ཁར་ཁོས་ལག་ཁྱེར་ཁ་པར་གྱི་གསང་གྲངས་ཀྱང་བརྗེས་འདུག ཁོའི་ཕུ་བོ་མ་གཏོགས་སུ་ལའང་ཁ་པར་གཏོང་མ་ཐུབ། ཆུ་ཚོད་གཅིག་གི་ངང་སྒུག་གིས་ང་རང་འཇིག་རྟེན་གཞན་ཞིག་ལ་ཁྲིད།
ཁོའི་ན་ཟུག་གི་ཕྱེད་ཀ་དེ་ངས་འཁུར་རོགས་ཤིག་བྱ་ཐུབ་ན་སྙམ་ཞོར། ངེད་གཉིས་སྐྱོབ་མཁན་གྱི་མི་སྙིང་རྗེ་ཅན་ཞིག་ཨེ་ཡོང་རེ་འབོད་བྱས། ལན་རེར་ངས་ཁོ་རང་གཏན་ཏུ་གཉིད་འགྲོ་བར་བསམས་ནས་མགོ་བོ་བྲང་དུ་གླན་ནས་ངུས། ལན་རེར་ཁོག་སྟོད་ནས་དམ་པོར་བསྡམས་ཏེ་ང་ལ་ཁ་ཞིག་གྲག་རོགས་ཞེས་རེ་བ་ཞུས། ལན་རེར་ཁོར་ལྷག་ཏུ་ན་ཟུག་བསླང་བར་དོགས་ནས་ཨམ་གཙིགས་བསྡམས། ལན་རེར་ཁོ་རང་གྲང་ཨེ་འགྲོ་བསམས་ནས་རས་ལྭ་ཐར་རྐྱང་གི་ཐུ་བ་ལུས་ལ་བཀབ་ནས་སྙིང་རྗེ་ཅན་གྱི་མི་ཞིག་ཡོད་ན་ངེད་གཉིས་འདི་རུ་ཡོད། ངའི་སྙིང་ཉེ་བའི་མི་འདིའི་ཚེ་སྲོག་སྐྱོབས་རོགས་ཞེས་སྐད་ཤུགས་ཆེན་པོས་བོས། མཚན་མོ་དེར་ང་རང་ཏག་ཏག་སྨྱོས་ཟིན། སྨྱོས་ཟིན།
ཆུ་ཚོད་གཅིག་གི་རིང་ལ་སྒོ་ཁྱིའི་ཟུག་སྐད་ཐག་ཉེ་ས་ན་ཡོད་ཀྱང་ངའི་སྨྲེ་ངག་དང་ངུ་འབོད་ཀྱིས་སྙིང་རྗེ་ཅན་གྱི་མི་ཞིག་སད་དུ་འཇུག་མ་ཐུབ་མོད། ཁོའི་ཕུ་བོས་མྱུར་སྐྱོབ་རླངས་འཁོར་བོས་ནས་ཐོན་བྱུང་། ཁྱིམ་ཚང་ཞིག་གི་གསེར་གྱི་ཀ་ཆེན་སྔར་བཞིན་འགྲེང་ཐུབ་ལ། བྱིས་པ་གཉིས་ཀྱི་སེམས་ཀྱི་རྒྱབ་རི་སྨུག་པོར་སྔར་བཞིན་བརྟན་ཐུབ་སོང་། ཆུང་མ་ཞིག་གི་རེ་བའི་འོད་སྣང་གསལ་བྱུང་། དེ་ནས་བཟུང་སྟེ་ངས་བདེ་སྐྱིད་ནི་ནམ་ཡང་བཟའ་མགོ་ལུས་འཛོམས་པ་ཁོ་ནར་ངོས་བཟུང་ཡོད།
གྱེར་ཀློག་པ།སྟོབས་ལྡན་རྒྱལ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993