(མཚོ་སྔོན་མི་རིགས་སློབ་ཆེན) རྩྭ་ཕྲན།
བདག་གི་རྨོ་མོ་ལགས་ཆུང་དུས་ནས་སྐྱ་རྩལ་ཅན་གྱི་འབྲོག་མོ་ཞིག་སྟེ། ཤ་ལུ་ཆུ་ནག་ནས་བྱ་འདར་ཐང་གཞུང་ཟེར་ན་མིག་གིས་མི་ཟིན་པའི་ལེ་བར་ལྔ་བཅུའི་བར་ཐག་ཅིག་ཡིན། དེ་ཡི་བར་ནི་རྟ་འདོ་བའི་གོམ་ལག་གིས་ཉིན་ཕྱེད་ལ་གཞལ་ཐུབ་ཟེར་ན། གནའ་མི་རྒན་པའི་བཤད་རྒྱུན་ལ་དེང་གི་ན་ཆུང་ཚོ་ནི་དར་ལུང་རྣ་བ་ཡིད་མི་ཆེས་པའི་ཚོད་དུ་འདུག ཡིན་ནའང་། རྨོ་མོ་ལགས་རྟ་འདོ་བའི་གོང་ནས་དེ་ལྟར་ཆས་ཤིང་དེ་ལྟར་སླེབས་མྱོང་། རྨོ་མོས་ནམ་རྒྱུན་གནའ་དང་མའི་དང་མ་གླེང་དུས། ངས་རྒོད་པོ་ཐུར་གྱིས་གཅུན་པའི་མ་བུ་མོ་ཞིག་གི་བློ་རྒྱ་ཚོར་འོངས།
ད་ལྟ། རྨོ་མོ་ལགས་ན་སོ་རྒས་ནས་གཞོན་དུས་ཀྱི་ཡང་ཞིང་གྲིམ་པའི་ལུས་ཀྱི་ལྡེམ་མྱུར་ཉམས་འདུག ཡིན་ནའང་། ལོ་གཞོན་ནུའི་རྟ་གོང་གི་སེམས་ཀྱི་དཀྱེལ་ཡངས་ད་དུང་ཡང་བརྗེད་མི་འདུག ནམ་རྒྱུན། རླངས་འཁོར་ལ་བསྡད་དེ་མི་ཚོགས་མང་བའི་རྫོང་མཁར་ལ་འགྲོ་ཐེངས་རེར་རྨོ་མོ་ལགས་ཁྱོན་ནས་དགའ་བོ་མི་འདུག རྒྱུ་མཚན་ངས་རྨོ་མོར་སྐྱོབ་ཐག་བཅིང་དགོས་པའི་རེ་བ་འདོན་ཐེངས་རེར་རྨོ་མོ་ཁྱོན་ནས་དགའ་བོ་མི་འདུག རྟ་འདོ་བའི་གོང་གི་གཉོམ་ལག་རྒྱས་པའི་ལུས་འདི་ཉིད་དམ་དུ་བསྡམས་པ་ལ་འཁང་ར་བྱེད་འོངས། མི་འཐད་པའི་རྣམ་འགྱུར་བསྟན་འོངས། སྐྱོབ་ཐག་གི་གལ་ཆེན་སྣང་མེད་དུ་འཇོག མོའི་སྣང་ངོར་སྐྱོབ་ཐག་ནི་ལོ་ལོན་གྱི་ལུས་སེམས་སྡོམ་བྱེད་ཅིག་ཏུ་སྣང་། ཡིན་ནའང་། ངས་རྨོ་མོར་སྐྱོབ་ཐག་གི་རིན་ཐང་གླེང་མྱོང་། དེ་ཡི་རྒྱབ་ཀྱི་ཁྱིམ་གཞི་ཞིག་གི་བདེ་སྐྱིད་གླེང་མྱོང་། དུས་ཀྱི་འགྱུར་བག་ཁྲོད་ནས་རྨོ་མོ་ང་དང་ལྷན་ཏུ་རྫོང་མཁར་ལ་ཐེངས་མང་ཆས་ཤིང་། རྨོ་མོ་ངེད་གཉིས་བར་དུ་སྐྱོབ་ཐག་གི་གཏམ་རྒྱུད་མང་དུ་བྲིས།
རྨོ་མོས་གསུང་བ་ལྟར་རྟའི་གོམ་ཁ་ལས་མི་རབས་ཤིག་གི་རྣམ་ཤེས་རྙེད་ཐུབ་ཟེར། སྐབས་དེར་ངའི་ཡིད་ལ་འཁོར་བ་ནི་སྐྱོབ་ཐག་ཅིག་གིས་མི་རབས་ཤིག་གི་ཚེ་སྲོག་བསྲུང་ཐུབ་སྙམ། སྐབས་འདིར་ངའི་ཡིད་ལ་མི་ལོ་བཞིའི་སྔོན་གྱི་དོན་དག་ཅིག་དྲན་བྱུང་། དགུན་གནང་སྐབས་རྨོ་མོར་བཤག་བཅོས་ཐེངས་ཤིག་བྱ་དགོས་པས། ང་དང་རྨོ་མོ། ཨ་མ་ངེད་གསུམ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ནད་བཅོས་བྱེད་དུ་སོང་བ་ཡིན། ངེད་ཚོ་ཕ་ཡུལ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་རྗེས་ཤར་མར་ཟི་ལིང་དུ་ཆས་ཤིང་། ཐེངས་འདིར་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དང་ཞིབ་བཤེར་པས་འགྲུལ་བ་ཡོངས་ལ་སྐྱོབ་ཐག་ཆིངས་རོགས་ཞེས་སྐུལ་མ་མང་དུ་བཏང་། རྨོ་མོས་སྔར་བཞིན་གདོང་གི་གཉེར་མ་བསྡུས་ཡོང་། ངས་རྨོ་མོར་ཚེ་སྲོག་གི་རིན་ཐང་ནི་རིན་ཐང་ཀུན་ལས་ཆེ་བ་ཡིན། ཚེ་སྲོག་སྐྱོབ་དགོས་ན་ངེས་པར་སྐྱོབ་ཐག་བཅིང་དགོས། སྐྱོབ་ཐག་གིས་ཁྱིམ་ཚང་ཞིག་ལ་བདེ་སྐྱིད་བསྐྲུན་ཐུབ། འབྱུང་འགྱུར་ལ་ཁ་ཕྱོགས་སྟོན་ཐུབ་ཅེས་སྐུལ་མ་ཡང་ཡང་བཏང་བ་ཡིན་ཞིང་སྨན་ཁང་དུ་འབྱོར་རྗེས། རྨོ་མོ་ངེད་གཉིས་སྨན་ཁང་གི་བར་ཁྱམས་སོགས་སུ་འཁྱམས་ཉུལ་བྱེད་དུས། ནད་རིགས་བཞི་བརྒྱ་རྩ་བཞིས་མནར་བའི་སྐྱེ་འགྲོ་དག་གི་སྡུག་བསྔལ་མཐོང་ཞིང་། འགྲིམ་འགྲུལ་དོན་རྐྱེན་གྱི་ཆག་སྒོ་ལས་མ་ཐར་བའི་ནད་པ་མང་ལ་སྐྱོབ་ཐག་མ་བརྒྱབ་པར་བྱུང་བའི་དོན་རྐྱེན་མང་དུ་ཐོས། གནས་འདིར་འབྱོར་བ་ཆེ་བའི་སྦྱིན་བདག་ཡོད་ལ་ཁྲིའི་རྒྱབ་ཡོལ་མཐོ་བའི་བླ་མའང་ཡོད། ཚེ་སྲོག་གི་མདུན་དུ་དེ་དག་ཀྱང་ཉམས་ཆུང་ནུས་མེད་དག་རེད། མགོན་མེད་སྐྱབས་མེད་དག་རེད། འཆི་བདག་གི་མདུན་དུ་གོ་གནས་དང་ཐོབ་ཐང་གིས་མི་ཕན། དབང་དང་སྒོར་མོ་མི་མཁོ། སྐྱབས་བཅོལ་དང་སྡུག་ཡུས་མི་མཁོ། སྐབས་འདིར་ངས་འཆི་བདག་གི་ཞགས་པ་ལས་སྐྱོབ་ཐག་གི་ཕན་ཡོན་མཐོང་སོང་། རྨོ་མོས་ཀྱང་གནས་འདིར་སྐྱོབ་ཐག་སྐོར་ལ་ངོས་འཛིན་ཡང་དག་ཅིག་བྱས་སོང་།
རྨོ་མོ་ལགས། སྐྱོབ་ཐག་ཆིངས་རོགས། ཁྱིམ་མི་གཅིག་གི་བདེ་ཐང་ནི་ཁྱིམ་ཚང་གང་བོའི་བདེ་སྐྱིད་ཡིན། ཁྱིམ་མི་གཅིག་གི་ན་ཟུག་ནི་ཁྱིམ་ཚང་གང་བོའི་མིག་ཆུ་ཡིན། ཁྱིམ་འདིར་ཁེ་གྲགས་དང་འབྱོར་བ་མེད་ཀྱང་ཁྱིམ་འདིའི་བདེ་སྐྱིད་ངོ་མ་ནི་ཕན་ཚུན་ལ་སྙིང་ནས་བརྩེ་ཞིང་ནད་དང་རྐྱེན་གྱི་བར་ཆད་གང་ཡང་མེད་པར་འཚོ་རྒྱུ་དེ་ཅི་ལ་མིན།
རྨོ་མོ་ལགས། སྐྱོབ་ཐག་ཆིངས་རོགས། སང་ལོའི་ཚེས་མགོ་མའི་དགྱེས་འཛོམས་དབུས་ནས་ངས་ཁྱེད་ཀྱི་བརྒྱད་ཅུའི་གྱ་སྟོན་ལ་ཁ་གཡང་འབོད། བསུ་མ་བྱེད། མགྲོན་འབོད་གཏོང་། རྨོ་མོ་ལགས། སྐྱོབ་ཐག་ཆིངས་རོགས། ཁྱེད་ཀྱི་ནད་མེད་ཚེ་བསྲིངས་ནི་ངའི་རེ་བ་དང་རྨི་ལམ་ཡིན། འདུན་མ་དང་ཕུགས་བསམ་ཡིན། སང་ཉིན་དང་དགོད་སྒྲ་ཡིན་ནོ། །
གྱེར་ཀློག་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993