(མགོ་ལོག) ཚེ་རིང་དབང་ཕྱུག
ང་ཚོའི་སྡེ་བའི་ཨ་ཁུ་ཐུབ་བྷེ་ཡིས་རླངས་འཁོར་གསར་པ་ཞིག་ཉོས་ཏེ། རྫོང་ཐོག་ནས་སྡེ་བའི་ནང་དུ་གླ་གཏོང་སྐྱེལ་འདྲེན་བྱས་ནས་སྒོར་ལྡོག་འགའ་རེ་འཚོལ་ཐབས་བྱེད་བཞིན་ཡོད་པ་དེ་ནི་སྡེ་བའི་རྒན་དར་གཞོན་གསུམ་ཚང་མས་རླུང་ལྟར་འུར་བཞིན་པའི་གསར་འགྱུར་ཚ་ཤོས་དེ་རེད། རྒྱུ་མཚན་ནི་ངས་ཤེས་པའི་དུས་ནས་བཟུང་། ཨ་ཁུ་ཐུབ་བྷེ་ནི་ཕ་མ་ཕུ་ནུ་སོགས་གཅིག་ཀྱང་མེད་པའི་མི་རྐྱང་ཞིག་ཡིན་ལ། ཉིན་རྒྱུན་ངལ་རྩོལ་ཅི་ཡང་མི་བྱེད་པར་སྡེ་བའི་མ་ཎི་ཁང་གི་སྒོ་ཁ་རུ་ཉི་མར་ལྡེ་ནས་འདུག ལོ་ལོན་ཚོ་མ་ཎི་བསྐོར་བར་ཡོང་དུས་གོ་རེ་ཅུང་ཙམ་རེ་བྱིན་ན་དེ་ཟ་ཞོར་ཆུ་འཁྱག་རེ་འཐུངས་རྗེས་ཡང་བསྐྱར་ཉི་འོད་ནང་དུ་གནས་ཙམ་སྤོས་རྗེས་མགོ་ལྭ་བས་བཏུམས་ཏེ་གཉིད་འདུག་པ་རེད། ཁོ་ལ་དབང་པོ་སྐྱོན་ཅན་དང་ཀླད་པ་མི་དྭངས་པ་སོགས་ཀྱི་ནད་མེད་མོད། ཕ་མ་དང་གཉེན་ཉེ་སོགས་སློབ་གསོ་དང་བྱམས་སྐྱོང་གནང་མཁན་མེད་རྐྱེན་འཚོ་བར་རེ་ཐག་ཆད་ཡོད་ཀྱང་སྲིད། ཡིན་ནའང་དབུལ་ཐར་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོ་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན། ཁོ་རང་གི་འཚོ་བར་སྔ་ན་མེད་པའི་དྲོད་ཁོལ་ཞིག་སྦྱིན་པར་མ་ཟད། ཟས་གོས་རང་དབང་དང་སྡོད་ཁང་དྲོན་པོར་འདུག་ཐུབ་སོང་བས། དུས་རྒྱུན་ཁོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཀུན་ལ་ཁམས་འདྲི་བྱེད་པས་སྡེ་མི་ཡོངས་ཀྱིས་ཨ་ཁུ་ཐུབ་བྷེ་འགྱུར་འདུག་ཟེར།
ན་ནིང་ལོ་སྟོད་ལ་རང་ཁ་རང་གསོ་བྱས་ནས་རྗེས་སུ་ཕྱིར་དབུལ་བོར་མི་འགྱུར་བའི་ཕྱིར་དུ་ཁོས་མ་མཐའི་འཚོ་བའི་འགན་ལེན་གྱི་སྒོར་མོ་བསོགས་ནས་སྐྱེལ་འདྲེན་རླངས་འཁོར་ཆུང་བ་ཞིག་ཉོས་ཤིང་། ཤང་སྲིད་གཞུང་གིས་ཀྱང་རོགས་སྐྱོར་བྱས་ནས་རླངས་འཁོར་ཁ་ལོ་བའི་ལག་རྟགས་ལེན་པའི་འཛིན་གྲྭར་ཞུགས་སུ་བཅུག་པས། ཟླ་ལྔའི་རིང་ལ་འབད་བརྩོན་བྱས་མཐར་གཞི་ནས་ཁ་ལོ་བའི་ལག་རྟགས་བླངས་ཟིན་པར་མ་ཟད། སྐྱེལ་འདྲེན་གྱི་ལས་ལའང་ཞུགས་བཞིན་ཡོད། སྡེ་བའི་ནང་གི་གསར་བུ་ཚོ་འཛོམས་དུས་ཁོས་རང་གི་ཁ་ལོ་བའི་ལག་རྟགས་བླངས་ནས་ལབ་རེ་རྒྱག་སྲོལ་ཡོད་ལ། རྒྱུགས་བླངས་པའི་སྐབས་ཀྱི་མྱོང་ཚོར་དང་རང་གིས་ངོས་ཟིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་སྐབས་ཀྱི་ལམ་རྟགས་དེ་དག་བཤད་པར་ལྷག་ཏུ་སྤྲོ། ལན་རེར་དྲི་བ་དྲིས་ནས་གསར་བུ་འགའ་རེ་གྲགས་མེད་དུ་གཏོང་བའི་སྐབས་ཀྱང་ཡོད།
ལོ་འདིའི་ནང་ལ་ཨ་ཁུ་ཐུབ་བྷེ་ཡིས་བླངས་པའི་ལག་རྟགས་དེ་ནི་ང་ཚོའི་སྡེ་བའི་ནང་ལ་མཚོན་ན་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དྲིལ་སྒྲོག་ཅིག་ཡིན་ཞེས་བརྗོད་ཆོག་ལ། རྒྱུ་མཚན་ནི་ཨ་ཁུ་ཐུབ་བྷེ་ཡིས་ཁ་ལོ་བའི་ལག་རྟགས་བླངས་པའི་ཤུགས་རྐྱེན་དེ་ལ་བརྟེན་ནས་སྡེ་བའི་ནང་གི་སྐྱེ་ཕོ་མོ་ཚང་མས་རླངས་འཁོར་བསྐོར་བར་ཁ་ལོ་བའི་ལག་རྟགས་དགོས་པའི་ངེས་ཟིན་གསལ་པོ་ཞིག་ཐོབ་ཡོད་པར་མ་ཟད། གཅིག་རྗེས་གཉིས་མཐུད་དུ་ཁ་ལོ་བའི་ལག་རྟགས་ལེན་པའི་ལས་འགུལ་ཞིག་ཚ་ཚ་འུར་འུར་དུ་ལངས་བཞིན་ཡོད་པ་རེད། ད་དུང་ཞང་སྲིད་གཞུང་གི་ལས་བྱེད་པ་དང་མངགས་གཏོང་ཁང་གི་ལས་བྱེད་པ་ཚོས་ཀྱང་སྡེ་བའི་ཚོགས་འདུ་དང་བྱ་འགུལ་སྣ་ཚོགས་ཀྱི་ཁྲོད་ནས་ཨ་ཁུ་ཐུབ་བྷེ་ལ་གཟེངས་བསྟོད་བྱེད་ཅིང་། ཚང་མས་མིག་དཔེ་རུ་བལྟ་དགོས་པའི་བསླབ་བྱ་གནང་བར་བརྟེན། སྡེ་མི་ཚོས་དུས་རྒྱུན་གྱི་གླེང་གཞི་ནི་མི་སུ་ཞིག་ལ་ཁ་ལོ་བའི་ལག་རྟགས་ཡོད་ཚུལ་དང་ཡང་མི་ཆེ་གེ་མོ་ལ་ཁ་ལོ་བའི་ལག་རྟགས་མེད་ཚུལ་དེ་རེད།
སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམས་སྟབས་མྱུར་བའི་དུས་འདི་ལ། འགྲིམ་འགྲུལ་འཕྲུལ་འཁོར་ནི་ང་ཚོ་སུ་ལའང་མཁོ་བའི་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། ང་ཚོས་ཆེས་མ་མཐའི་འཕྲུལ་འཁོར་གང་ཞིག་བསྐོར་བར་དེའི་ཁ་ལོ་བའི་ལག་རྟགས་ལེན་པ་ནི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་སྟངས་ཤིག་ཡིན་པར་མ་ཟད། རང་གཞན་ཀུན་གྱི་ཚེ་སྲོག་ལ་གཅེས་སྤྲོས་བྱེད་སྟངས་ཤིག་ཀྱང་ཡིན། དེ་བས་ང་ཚོས་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བརྩི་སྲུང་དང་སློབ་སྦྱོང་བྱས་ཏེ། རླངས་འཁོར་བསྐོར་བར་ཁ་ལོ་བའི་ལག་རྟགས་དགོས་པ་དང་། ཆང་འཐུངས་བ་དང་ངལ་དུབ་ཀྱི་སྐབས་སུ་རླངས་འཁོར་བསྐོར་མི་རུང་བའི་བདེ་འཇགས་ཀྱི་རྒྱུན་ཤེས་སེམས་ལ་ངེས་དགོས་པར་མ་ཟད་གཞན་ལའང་བསྒྲག་དགོས།
གྱེར་ཀློག་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993