ཕ་ཡུལ་གྱི“མགྲོན་པོ”། ༼བསྡུས་རྩོམ། ༽
2024.09.06 ཁུངས། ཀློག་གྲངས། 7

(གཅན་ཚ) འཇིགས་བསམ།

གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་འཚབ་འཚུབ་ངང་ཕ་ཡུལ་དུ་ཐེངས་ཤིག་ལོག་རྒྱུ་ནི་ལོ་འདི་གའི་རིང་ཡང་དང་ཡང་དུ་བསྐྱར་ཟློས་བྱེད་པའི་དོན་དག་ཅིག་ཏུ་གྱུར། ད་ཐེངས་ཀྱང་གཟའ་མཇུག་གི་དུས་ཚོད་དང་བསྟུན་ནས་ཕ་ཡུལ་ལ་ཐེངས་གཅིག་ལོག་པ་ཡིན། ཉིན་དེར་ཕ་ཡུལ་ལ་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག  ཕ་ཡུལ་གྱི་ཆར་བ་སྔོན་ཆད་དང་འདྲ་བར་འཁྱག་པོ་འཁྱག་པོ་ཞིག་རེད། སྨུག་པ་སྐེད་ལ་བཅིངས་པའི་རི་ཚོགས་དང་ལུག་ཁྱུ་བཀྲམ་སའི་རྩྭ་ཐང་དག་སྐད་ཅིག་ཉིད་ལ་བརླན་བྱུང་། ང་དང་ང་ལྟ་བུའི་ཕ་ཡུལ་གྱི་མགྲོན་པོ་དག་ཀྱང་རེ་རེ་བཞིན་བརླན་བྱུང་།

སྤྱིར་ན་མགྲོན་པོ་ནི་གདན་ཞུས་ལྟར་གསར་དུ་ཕེབས་མཁན་ནམ་ཕྱི་རོལ་ནས་ཡོང་བའི་མིའི་མིང་ལ་ཟེར་བ་ཡིན་མོད། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མགྲོན་པོ་ལའང་དབྱེ་བ་དང་དོན་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན། སྐུ་མགྲོན། བྱེས་མགྲོན། གཞིས་མགྲོན། ཇ་མགྲོན། ཆང་མགྲོན་སོགས་ལས་གཞན། མ་བོས་མགྲོན་པོའང་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་འདུག དེ་བཞིན་དུ་ངའི་ཡུལ་མི་ཚོར་མཚོན་ན་ཡང“མགྲོན་པོ”ཞེས་པར་རིགས་གསུམ་དུ་དགར་ཆོག་པ་འདྲ་སྟེ། གཅིག་ནི་ང་དང་ང་ལྟ་བུའི་སློབ་གཉེར་དང་ལས་ཀ འཚོ་བའི་ཆེད་དུ་བྱེས་སུ་ཡོད་པ་དག་ལ་ཟེར་བཞིན་ཡོད་དེ། “འགྲུལ་བ་ཡོང་ཡོང་དང་འགྲུལ་བ་འགྲོ་འགྲོ”བྱ་དགོས་པས་དེ་ལྟར་ཟེར་བཞིན་ཡོད། ཅིག་ཤོས་ནི་ཕ་ཡུལ་ནས་རྫོང་ལ་འགྲོ་བའི་ལམ་གྱི་བདེ་འཇགས་ལ་སོ་ལྟ་བྱེད་མཁན་དག་ལ་ཟེར་བཞིན་འདུག དེ་དག་གིས་རྒྱུན་པར་ཡུལ་མི་ཚོའི་ཁ་ལོ་བའི་ལག་རྟགས་ཡོད་མེད་དང་སྒྲིག་ལམ་བརྩི་སྲུང་སོགས་ཀྱི་ཐད་དུས་ངེས་མེད་དུ་ལྟ་རྟོག་དང་ཞིབ་བཤེར་བྱེད་བཞིན་ཡོད་པས། མ་བོས་མགྲོན་པོ་ཞེས་ཅུང་སུན་པོ་དང་བཅས་བཏགས་པ་རེད་འདུག

ངའི་ཕ་ཡུལ་ནི་གཡོན་རུ་ཞེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་ཡིན་ལ། འདི་ག་གྲོང་ཁྱེར་དང་བར་ཐག་ཅུང་ཙམ་ཡོད་ནའང་། དུས་ཀྱི་འགྱུར་བག་དང་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། རླངས་འཁོར་དང་འཕྲུལ་རྟ་སོགས་ཀྱི་ཁ་གྲངས་ཇེ་མང་དུ་ཕྱིན་ཡོད་ལ། འགྲོ་སྤྱད་དང་ཆ་འགྲིག་པའི་ལག་རྟགས་མེད་མཁན་མང་པོ་འདུག “མགྲོན་པོ”དག་གིས་ཁ་ལོ་བའི་ལག་རྟགས་མེད་མཁན་རེ་ཟུང་ལ་ཆད་པ་དང་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་དྲིལ་བསྒྲགས་ཐེངས་མང་བྱེད་ཀྱིན་ཡོད་པས། ཁ་ལོ་བའི་ལག་རྟགས་མེད་པའི་གནད་དོན་དེ་གསལ་པོར་མངོན་ལ། ཁ་ལོ་བའི་ལག་རྟགས་ལེན་རྒྱུ་ནི་ཡུལ་མི་ཚོའི་རང་དོན་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ལག་རྟགས་ལེན་ཐུབ་མ་ཐུབ་ཀྱི་བར་ནས་དེ་དག་ལ་སུན་པའི་རྣམ་འགྱུར་སྟོན་མཁན་དང་ལྐོག་ནས་སྡིགས་མོ་བྱེད་མཁན་ཡང་ཧ་ཅང་མང་།

སྔོན་ཆད་གྲོགས་པོ་ཞིག་གིས“ང་ཚོའི་ཕ་ཡུལ་གཏན་སྡོད་བྱས་ནས་ལོ་བཅུ་འགོར་སོང་། དེ་བཞིན་དུ་ཕ་ཡུལ་གྱི་མི་རྣམས་གཏན་ནས་སྡོད་མ་ཚུགས་པར་ཡང་ལོ་བཅུ་འགོར་སོང”ཞེས་པ་ནང་བཞིན། ངའི་ཕ་ཡུལ་གྱི་ཡུལ་མི་དག་ཀྱང་དེ་དང་མཚུངས་པར། གཏན་ནས་སྡོད་མ་ཚུགས་པར་འགྲོ་ས་འདུག་ས་ཇེ་མང་ནས་ཇེ་མང་དུ་གྱུར་བས། རླངས་འཁོར་དོན་རྐྱེན་ཆེ་ཆུང་གང་མང་ཡང་བྱུང་བ། མཐོང་བ། ཐོས་པ་སོགས་ཀྱང་དེ་བཞིན་མང་དུ་ཕྱིན། དེའི་རྐྱེན་གྱིས“མགྲོན་པོ”རྣམས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ལམ་དྲིལ་བསྒྲགས་དང་ཞིབ་བཤེར་སོགས་སུ་རྒྱུན་པར་ཡོང་བཞིན་ཡོད་པས། སྐད་འཕྲིན་གྱི་ཚོགས་པ་སོགས་སུ་ལམ་ན“མགྲོན་པོ”ཡོད་མེད་འདྲི་མཁན་ཡང་ཧ་ཅང་མང་། ཞོགས་པར་རྫོང་ལ་འགྲོ་དུས་རླངས་འཁོར་སྔོན་མ་དེས་ལམ་ན“མགྲོན་པོ”ཡོད་མེད་ཀྱི་གནས་ཚུལ་སྐད་འཕྲིན་ཚོགས་པ་བརྒྱུད་ནས་བརྡ་སྦྱོར་གཏོང་བཞིན་ཡོད།

ཡུལ་དུ་ལོག་ཐེངས་རེ་རེར། གསར་འགྱུར་གསར་པ་མང་པོ་གོ་ཐུབ་སྟེ། ཁ་ལོ་བ་ལ་ཤས“མགྲོན་པོས”བཀག་པ་དང་ཆད་པ་ཇི་ལྟར་བཅད་ཚུལ་སོགས་མང་པོ་ཡོད། ད་ཐེངས་ཡུལ་ལ་ལོག་དུས་ཀྱང་སྔར་བཞིན་སྐད་འཕྲིན་ཚོགས་པ་སོགས་སུ“མགྲོན་པོ”ཡོད་མེད་འདྲི་མཁན་ཤིན་ཏུ་མང་། སྔོན་དང་མི་འདྲ་བ་ཞིག་ལ་ད་ཐེངས“མགྲོན་པོས”སྒུག་ཡོད་མེད་འདྲི་མཁན་དང་བདེ་འཇགས་ལ་དོ་སྣང་བྱེད་མཁན་ལྟོས་བཅས་ཀྱིས་མང་ཉུང་མེད་པར་གྱུར་འདུག དཔེར་ན། ངའི་ཨ་ཕ་ལགས་ཀྱང་དང་པོར“མགྲོན་པོ”ཡོད་མེད་འདྲི་མཁན་ཞིག་ནས། ད་ལྟ་ཁ་ལོ་བའི་ལག་རྟགས་ཡོད་པར་མ་ཟད། འགྲུམ་འགྲུལ་བདེ་འཇགས་ཐད་ལ་དོ་སྣང་དང་དྲིལ་བསྒྲགས་བྱེད་མཁན་ཞིག་ཏུ་གྱུར་འདུག ང་རང་ཕ་ཡུལ་དུ་ལོག་སྐབས་དང་ཕ་ཡུལ་ནས་ཕྱིར་འགྲོ་སྐབས་ཀྱི་བདེ་འཇགས་ཐད་ལ་མཉམ་འཇོག་དགོས་ཚུལ་སོགས་སློབ་གསོ་གང་མང་བཏང་། ཞོར་ལ་ང་རང་ཡར་འགྲོ་མར་འགྲོ་བྱས་པའི་ཤུལ་དུ་གསོལ་འདེབས་དང་སེམས་ཁུར་ཡང་གང་མང་བྱེད་བཞིན་པ་ནི་སྨྲ་མི་དགོས་པ་ཞིག་རེད།

དེ་བས་མི་རྣམས་གཏན་ནས་སྡོད་མི་ཚུགས་པའི་དུས་རབས་འདིར། “མགྲོན་པོ”འདི་དག་གིས“མགྲོན་པོ”མང་པོ་ཞིག་གི་འགྲོ་འདུག་ཐད་ཀྱི་བདེ་འཇགས་སེམས་ཀྱིས་འཚོས་ཡོད་ཨང་།


གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993