(བོད་ལྗོངས་སློབ་ཆེན) གཡུ་སྒྲོན།
ཚེ་རིང་ནི་རླངས་འཁོར་བསྐོར་བའམ་འཕྲུལ་རྟར་ཞོན་པ་གང་ཡིན་རུང་བྲེལ་འཚུབ་ཀྱིས་ཁེངས་ཡོད་པའི་མི་ཞིག་ཡིན། ཁོས་ནམ་རྒྱུན་ལོ་དྲུག་ཅན་གྱི་བུ་མོ་སློབ་གྲྭ་ནས་ཕར་སྐྱེལ་ཚུར་ལེན་བྱེད་བཞིན་ཡོད། ཉིན་ཞིག་ཁོ་གཉིས་ཀྱིས་འཕྲུལ་རྟར་ཞོན་ནས་ལམ་གྱི་བཞི་མདོ་ཞིག་བརྒྱུད་སྐབས་ཏག་ཏག་གློག་དམར་ཤར་བྱུང་། རེད་དེ་ཚེ་རིང་ནི་འདུག་ཙམ་ཡང་མི་བྱེད་པར་ཐད་ཀར་སྐྱོད་དུས། བུ་མོ་གཡང་སྒྲོན་གྱིས“ཨ་ཕ། གློག་དམར་ཡིན་དུས་འདུག་དགོས་པ་དང་། གློག་ལྗང་ཡིན་དུས་བགྲོད་དགོས་པ་དེ་དག་དགེ་རྒན་གྱིས་ང་ཚོར་ཁྲིད་མྱོང་། ཁྱེད་འདི་ལྟར་འགྲོ་རུང་ངམ”ཞེས་ཟེར། བུ་མོས་དེ་ལྟར་བཤད་པ་ཐོས་དུས་ཨ་ཕ་ཚེ་རིང་གིས“དེ་རླངས་འཁོར་ལ་ཟེར་བ་རེད། ཁྱོད་ཀྱིས་ལྟོས་དང་རླངས་འཁོར་ཚང་མ་བསྡད་ཡོད་པ་འདི་རེད། སྐབས་འདིར་འཕྲུལ་རྟ་སོང་ན་ཆོག་ནི་རེད”ཅེས་བཤད།
“འོ་ན་རླངས་འཁོར་ཅིའི་ཕྱིར་སོང་མི་ཆོག་པ་རེད”
“རླངས་འཁོར་སོང་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་ཁོ་ཚོ་ལ་ཆད་པ་གཅོད་ནི་རེད”
“ཆད་པ་ཅི་ཞིག་གཅོད་ནི་རེད”
“ཆད་པ་ཀ་ར་ཉོ་སྤྱད་ཀྱི་སྒོར་མོ་ཚང་མ་སྟེར་དགོས་ནི་རེད”
“འཕྲུལ་རྟ་བུད་སོང་ན་ཆད་པ་མི་གཅོད་པའི་རྒྱུ་མཚན་ཅི་རེད”
ཨ་ཕ་ཚེ་རིང་གིས“ད་ཆོག ད་ཆོག ཨ་ཕར་ཁ་བཏོན་འདོན་དུ་ཆུགས”ཟེར་བཞིན་བུ་མོའི་དྲི་བར་ལན་མ་བཏབ།
ཁ་བ་མར་མར་འབབ་པའི་ཉིན་གུང་གི་དུས་སུ། ཚེ་རིང་སྔར་བཞིན་སློབ་གྲྭར་བུ་མོ་གཡང་སྒྲོན་ལེན་དུ་འགྲོ་བཞིན་ཡོད། ནམ་རྒྱུན་གྱི་བཞི་མདོ་དེ་བརྒྱུད་ནས་འགྲོ་སྐབས་གློག་དམར་གྱི་གྲངས་ཀ་དེ་ཏག་ཏག་ལྔ་བཞི་གསུམ་དུ་འགྱུར་བཞིན་པའི་སྒང་ལ། ཨ་ཕ་ཚེ་རིང་ཅི་མི་སྙམ་པར་མགྱོགས་མྱུར་ངང་མདུན་དུ་བསྐྱོད་པ་ན་གཡོན་ཕྱོགས་ནས་གློ་བུར་དུ་རླངས་འཁོར་ཞིག་ཐོན་བྱུང་། སྐབས་དེར་ཚེ་རིང་གིས་ཤུགས་གང་ཡོད་ཀྱིས་འཁོར་བཀག་མནན་ཡང་ལམ་དུ་ཁ་བ་བབས་ནས་དར་ཆགས་ཡོད་པས། འཕྲུལ་རྟ་འགྱེལ་ནས་ཁོ་དང་བུ་མོ་གཡང་སྒྲོན་གཉིས་ལམ་དཀྱིལ་དུ་གཡུགས་སོང་། སྟབས་ལེགས་པ་ཞིག་ལ་རླངས་འཁོར་དེ་དལ་མོར་སྐྱོད་བཞིན་ཡོད་པས་དོན་རྐྱེན་ཆེན་པོ་མ་བྱུང་། ནམ་རྒྱུན་འཕྲུལ་རྟར་ཞོན་མཁན་རྣམས་ལ་འགྲིམ་འགྲུལ་གློག་ལ་དོ་སྣང་མི་བྱེད་པའི་གོམས་གཤིས་ངན་པ་ཞིག་གྲུབ་ཡོད་པས། གནས་ཚུལ་དེ་འདྲ་བྱུང་བ་ཇེ་མང་ནས་ཇེ་མང་རེད། ལས་ཐུག་མ་རེད་ལམ་ཐུག་རེད་ཟེར་བ་ལྟར། ཉིན་དེར་ཨ་ཕ་ཚེ་རིང་དང་བུ་མོ་གཡང་སྒྲོན་གཉིས་ལམ་དཀྱིལ་དུ་གཡུག་མཁན་ནི་རྗོང་དེའི་འགྲིམ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་དགྲ་འདུལ་རེད། ཅུའུ་ཀྲང་རང་ཁྱིམ་དུ་མ་ལོག་པར་དེ་མ་ཐག་ལས་ཁུངས་སུ་སོང་ནས་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་ཏེ། དུས་དེ་རིང་ནས་བཟུང་རླངས་འཁོར་དང་འཕྲུལ་རྟ། ལྕགས་རྟ་སོགས་མདོར་ན་གཞུང་ལམ་སྟེང་སྐྱོད་བཞིན་པའི་འགྲིམ་འགྲུལ་ཡོ་བྱད་གང་དང་ཅི་ཡིན་རུང་འགྲིམ་འགྲུལ་གློག་བརྡ་ལ་མ་བལྟས་ཚེ། འགྲིམ་འགྲུལ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཆད་པ་གཅད་རྒྱུ་ཡིན།1.འགྲིམ་འགྲུལ་གློག་བརྡ་ལ་དོ་སྣང་མ་བྱས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནས་ཉིན་བཅོ་ལྔ་ལ་འགྲིམ་འགྲུལ་ཤེས་བྱའི་སློབ་སྦྱོང་བྱ་དགོས། 2.རྨོག་ཞྭ་མ་གྱོན་པར་གཞུང་ལམ་སྟེང་བསྐྱོད་ན། འཕྲུལ་རྟ་དེ་ཟླ་གཅིག་རིང་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཙན་ཉར་བྱ་དགོས་པར་མ་ཟད། འཕྲུལ་རྟར་ཞོན་མཁན་གྱིས་མི་བགྲོད་ལམ་དུ་ཉིན་བདུན་རིང་དང་བླངས་པའི་འགན་འཁུར་དགོས་ཞེས་གཏན་འཁེལ་བྱས།
ཚེ་རིང་ནི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནས་འགྲིམ་འགྲུལ་ཤེས་བྱ་སློབ་སྦྱོང་བྱེད་མཁན་ཐོག་མ་དེ་ཡིན་ལ། རྫོང་གི་མི་བགྲོད་གཞུང་ལམ་སྟེང་གི་དང་བླངས་པ་ཨང་དང་པོ་དེ་ཡང་ཁོ་ལས་མ་འདས། དེ་ནས་ཟླ་གཅིག་འགོར་རྗེས་ཚེ་རིང་གིས་འཕྲུལ་རྟ་དེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནས་ཕྱིར་བླངས། རེད་དེ་ཉིན་དེ་ནས་བཟུང་བུ་མོ་གཡང་སྒྲོན་ལ་གཅར་རྡུང་སྐོར་གསུམ་ཅི་བྱས་ཀྱང་འཕྲུལ་རྟ་དེར་མ་ཞོན། དེ་ལོས་ཡིན་ཏེ་ཁྱོད་རང་གིས་འགྲིམ་འགྲུལ་གློག་བརྡ་ལ་དོ་སྣང་མ་བྱས་པར་ཤུགས་ཀྱིས་བསྐྱོད་པའི་མཇུག་འབྲས་ཀྱིས་བུ་མོ་ཆུང་ཆུང་དེའི་ནང་སེམས་ཀྱི་ལྷིང་འཇགས་དེ་འཇིགས་སྐྲག་གིས་བཅོམ་ཡོད་ལ། སེམས་ངོགས་སུ་འཁྱིལ་ཡོད་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དེར་ཡང་རྡོག་རྗིས་བཏང་ཡོད། འགྲིམ་འགྲུལ་གློག་བརྡ་ལ་དོ་སྣང་མ་བྱས་པར་ཤུགས་ཀྱིས་བསྐྱོད་པའི་མཇུག་འབྲས་ཀྱིས་ཚེ་སྲོག་ཅིག་གི་རྒྱུན་ཐག་གཅོད་སྲིད་ལ་ཁྱིམ་ཚང་ཞིག་གི་དགོད་སྒྲ་ཡང་འཇོམས་སྲིད།
འགྲིམ་འགྲུལ་བདེ་འཇགས་བརྩི་སྲུང་བྱ་རྒྱུ་ནི་ཁྱོད་དང་ངའི་འོས་འགན་ཡིན་ལ། གཞིས་ཁྱིམ་གང་ཞིག་བདེ་སྐྱིད་ཡོང་བའི་གཞི་མ་ཡང་ཡིན་པས་ན། ང་ཚོས་མཉམ་གཅིག་ཏུ་འགྲིམ་འགྲུལ་བདེ་འཇགས་བརྩི་སྲུང་བྱས་ཏེ་ཚེ་སྲོག་ལ་གཅེས་སྐྱོང་བྱ། འགྲིམ་འགྲུལ་ཤེས་བྱ་སེམས་ལ་ཉར་ནས་འཛམ་གླིང་ལ་སྐོར་བ་བྱེད།
གྱེར་ཀློག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993