གློག་དམར་དང་ངང་སྒུག༼བསྡུས་རྩོམ།༽
2024.09.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9


ཁྲི་ཀསྟག་རིག་འབྲུག་ཐར། 

ཡོ་གཟུར་བྲལ་བའི་འགྲིམ་འགྲུལ་སྒྲིག་སྲོལ་གྱིས་པ་ཏྲའི་རི་མོ་བསྣོལ་འདྲའི་གཞུང་ལམ་སྟེང་གི་སྣ་ཚོགས་འཁོར་ལོའི་རིགས་ཁྲུང་ཁྲུང་བསྟར་ཕྲེང་སྒྲིག་པ་བཞིན་སྔ་གཞུག་གྲལ་ཤར་འགྲིག་སྟེ་རྒྱུ། གལ་སྲིད་སྔ་ཕྱི་རིམ་པ་གསལ་བའི་རླངས་འཁོར་གྱི་འཛིང་དུ་འགྲིམ་འགྲུལ་ཤེས་བྱས་དབུལ་བའི་ཁ་ལོ་བ་ཞིག་གི་བསྒགས་ཟྭ་དང་སྣུམ་སྒོ་ནོར་ཏེ་བསྐོར་ནོར་ཐེབས་ཚེ་བློ་ཡུལ་ལས་འགོངས་པའི་དོན་རྐྱེན་འབྱུང་བ་གོར་མ་ཆག ཡིན་ཡང་། ད་ལྟའི་ཚན་རིག་དཔལ་འབྱོར་འཕེལ་བའི་སྤྱི་ཚོགས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་། ད་དུང་ཡང་རླངས་འཁོར་ལག་རྟགས་མེད་ཅིང་ཉེན་སྐྱོབ་ཞྭ་མོ་མི་གོན་པར་གང་འདོད་ཅི་འདོད་དུ་ཡར་རྒྱུ་མར་རྒྱུ་ལ་སྣང་དོགས་མི་བྱེད་པའི་ཁ་ལོ་བ་ཧ་ཅང་མང་ལ། འགྲིམ་འགྲུལ་ཤེས་བྱས་དབུལ་བའི་ལོ་རྒན་དྲུག་ཅུས་ཁུར་གྱིས་མནན་པའི་ཁ་ལོ་བ་རྒན་པ་ཚོའང་དེ་བས་ཀྱང་མང་།

དམར་ཆུང་སེམས་པར་ཆག་གྲུམ་ཤོར་བའི་སྐྱེས་པ་ལོ་ཆུང་ཞིག་གིས་ལམ་འགྲམ་གྱི་ཡུར་རྐའི་ནང་དུ་ངུ་འབོད་གསང་མཐོར་སྒྲོག་བཞིན་ལག་ཟུང་གིས་ས་རུ་འགྱེལ་བའི་ཁ་ལོ་བ་རྨས་མ་ཞིག་གི་དཔུང་བ་སྒུལ་བཞིན་འདུག མཚམས་མེད་བཞུར་བའི་ཁྲག་གི་རི་མོ་རིམ་བཞིན་ཆེ་རུ་བསྐྱེད་དེ་རྒྱ་ཁྱོན་ཇེ་ཆེ་ནས་ཇེ་ཆེར་ལུས་ཕུང་གཡས་གཡོན་ཁྲག་གི་མཚོ་མོར་ཐིམ། མགོ་རྟིང་སློག་པའི་རྐང་གསུམ་གློག་འཁོར་གྱི་འཁོར་ལོ་གཅིག་མཁའ་རུ་གཏད་དེ་བར་མེད་དུ་འཁོར་བ་ནི་ཞེ་སྡང་སྦྲུལ་ནག་ཅིག་མུ་མཐུད་དུ་མདུན་ལ་རྒྱུག་འདོད་ཀྱི་ཧམ་སེམས་ཆེ་རུ་བདོ། མི་མགོ་གསུམ་ནས་ལྔ། ལྔ་ནས་བཅུ། བཅུ་ནས་ཉི་ཤུ། ཉི་ཤུ་ནས་སུམ་ཅུ་བཞིན་བཞི་མདོའི་ལམ་དཀྱིལ་དུ་འགྲིམ་འགྲུལ་དོན་རྐྱེན་ལ་གཟས་པའི་ལྟད་མོ་བ་ཚོ་གྲོག་ཚང་ཁ་ཕྱེ་བ་ལྟར་འཚང་ཁ་རྒོད་ཅིང་ཅི་ཞིག་མཐོང་འདོད་ཀྱི་མིག་ཟུང་རིག་རིག་བཀྲ། མ་གཞི་རྨས་མ་དེ་ནི་རྒ་བའི་ཁུར་གྱིས་མནན་ཞིང་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་བའི་རྒན་པོ་མགོ་དཀར་ཞིག་རེད་ལ། འཇིགས་པས་དེད་པའི་བུ་ཆུང་དེ་ནི་ལོ་ལོན་རྒན་པོ་འདིའི་ཚ་བོ་ཡིན་འདུག གློག་འཁོར་གྱི་ཉེ་རྒྱང་གང་རུང་ན་ལ་གཅོལ་ལུང་གཅོལ་སྒོས་ཉོ་འཚོང་ལ་བྲེལ་བའི་རྒན་པོའི་རྐང་གསུམ་འཁོར་སྒམ་ནང་གི་སྔོ་ཚལ་དང་སིལ་ཏོག་དག་ནི་མཁོ་མེད་གད་སྙིགས་རིགས་ཤིག་ཡལ་བར་དོར་བ་འདྲ། ཁྱིམ་ཚང་གི་ཆེད། འབྱོར་འཁོས་ཀྱི་སླད་དུ་སུ་དང་གང་ཞིག་ཀྱང་མི་ཁོམ་པའི་འཇིག་རྟེན་དུ་འདུར་གྱིན་ཡོད་ན་ཡང་། ཚེ་སྲོག་ལས་ཀྱང་རྒྱུ་འདང་ཡོད་པའི་སྦྱོར་བ་འདིས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདི་བཟོས་པ་རེད། ལྟད་མོ་བའི་ཚོགས་མཚམས་རེར་སྐྱི་གཡའ་བའི་ཞེད་སྣང་གི་བ་སྤུ་གྱེན་དུ་གཟེངས་ཤིང་། ལན་རེར་བདག་གཞན་མཉམ་བརྗེའི་སྙིང་རྗེའི་འོད་ཟེར་གྱིས་གཤིན་རྗེ་འཕྲང་ལམ་འགྲིམ་ལ་ཉེ་བའི་རྒན་པོ་དེར་བརྩེ་བའི་ཕྱག་ཟུང་བསྲིངས་ཏེ་སྐྱོར་སློང་གི་སྦྱོར་བ་ཨེན་ཙམ་སྟོན་ཁུལ་བྱེད་མོད། འཇིགས་ཞེད་ཀྱིས་གམ་དུ་བཅར་མ་ཐུབ་པར་སོམ་ཉིའི་དྲ་བར་ཚུད་དུས། སྔོ་སེར་དམར་ལྗང་གི་གློག་འོད་ལམ་ལམ་མཆེད་ཅིང་མཚམས་མེད་དུང་བརྡ་གཏོང་བའི་འགྲིམ་འགྲུལ་ཉེན་རྟོག་པའི་རླངས་འཁོར་ཞིག་འབྲོང་རྒོད་སྨྱོན་པ་བཞིན་མི་དམངས་ཁོང་གསེང་བརྟོལ་ནས་རྐང་གསུམ་གློག་འཁོར་གྱི་གམ་དུ་ཏན་སེར་བསྡད། དེའི་མུར་པར་ཆས་བླངས་ཏེ་གཡས་གཡོན་སྔུན་གཞུག་པར་མིག་ལ་སྡུད་བཞིན་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་གདའ། མ་གཞི་གློག་དམར་ལ་མ་སྒུག་པར་བང་གིས་རྒྱུག་པའི་བྱས་ཉེས་ཀྱིས་ཆག་སྒོ་འདི་བཟོས་ཤིང་། དེའི་ཁར་ཉེན་འགོག་ཞྭ་མོ་མ་གོན་པས་མགོ་ཁྲག་ལུས་ལ་བསྐོན་པ་སྨོས་མེད་རེད།

“མིས་འཕྲུལ་འཁོར་ལ་ཁ་ལོ་བསྒྱུར་བ་ལས། འཕྲུལ་འཁོར་གྱིས་མི་ལ་ཁ་ལོ་བསྒྱུར་སོང”

“སྐར་ཆ་འགའ་ལ་བསྒུག་ན་ཅིས་མི་ཆོག་ཨང”

“དངོས་གནས་ཚེ་སྲོག་གི་བཞུར་རྒྱུན་ནི་འགྲོས་མགྱོགས་པའི་སྐར་ཆ་འགས་བཅད་སོང”

“………”

གལ་སྲིད་རྒན་པོ་མགོ་དཀར་འདིས་བརྗེ་ལ་ཉེ་བའི་སྐར་ཆ་གསུམ་གྱི་གློག་དམར་མཇུག་རྫོགས་རག་བར་ཨེན་ཙམ་སྒུག་ཡོད་ཚེ། རྐང་གསུམ་གློག་འཁོར་དང་ཟོང་འདྲུད་རླངས་འཁོར་གཉིས་གདོང་ཐུག་ཕེག་སྐད་ཚ་བ་ཞིག་རྒྱག་མི་སྲིད་ཅིང་། རིན་བྲལ་གྱི་མི་ལུས་རིན་པོ་ཆེར་འཇིགས་ཡེར་བའི་ཆག་སྒོ་དང་བྱུར་བུར་སྤུངས་པའི་དངོས་ཟོག་ལ་བློ་ཡུལ་ལས་འདས་པའི་གྱོང་གུད་འབྱུང་ག་ལ་སྲིད། འདོད་ཧམ་དང་འཚུབ་སྣང་། ཧོལ་རྒྱུག་དང་སྒེར་གཅོད་ཀྱིས་བསླུས་ཏེ་ལྷེམ་ལྷེམ་འགུལ་བའི་དམར་པོ་གློག་གི་རྡེབ་འགྲོས་འགར་ངང་སྒུག་བྱེད་མ་ཐུབ་པས་ཚེ་སྲོག་གི་གྱོང་གུད་འདི་བྱུང་བ་རེད། ཡུན་ཐུང་གི་དུས་ཚོད་སྐར་ཆ་འགར་སྒུག་ཕོད་པར་གྱུར་ཚེ། སྣ་མང་འཁོར་ལོས་སྔ་ཕྱི་རིམ་པ་གསལ་བའི་རྒྱུ་ལམ་དུ་རང་ལམ་རང་གིས་སྙེག་གིན་བྱ་ལས་དོན་སྒྲུབ་ལ་བཀས་བཅད་དུས་ཚོད་ལྟར་སླེབས་ངེས་པ་གདོན་མི་ཟ། འགྲིམ་འགྲུལ་དོན་རྐྱེན་གྱི་སྣང་ཚུལ་འདིར་སྤྱི་བའི་སྒྲིག་སྲོལ་ལ་རྡོག་བརྫིས་བཏང་བའི་རྣམ་སྨིན་འབྱུང་བ་རེད་ཅེས་མི་སྨྲ་མཁན་སུ་ཡོད་ཨང་། ཡུན་ཐུང་གི་ངང་སྒུག་བར་ནས་ད་གཟོད་བློ་ཡུལ་ལས་འགོངས་པའི་ཚེ་སྲོག་གི“རོལ་རྩེད”འདི་འབྱུང་བ་མ་ཡིན་ནམ། མི་འགྱངས་པར་ཡུལ་མི་དང་བཟའ་ཟླ་དག་སྐྱེ་འཆིའི་རབ་ཁ་རུ་འགྲེངས་པའི་ལོ་ལོན་རྒན་པོ་ལ་འཕྲད་སྲིད་པས། ཁོ་ཚོས་འཇིགས་ཡེར་བའི་དངོས་ཡོད་གནས་ཚུལ་འདི་དེ་མ་ཉིད་དུ་དང་ལེན་བྱེད་ཁག་ཨང་།

རྒྱུན་པར། གྲོང་རྡལ་ག་གེ་མོ་འདིར་འགྲིམ་འགྲུལ་ཉེན་རྟོག་པའི་སློབ་སྟོན་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཏེ་བཞི་མདོའི་གློག་དམར་གློག་ལྗང་གི་སྒྲིག་སྲོལ་རྩྭ་བཞིན་དོར་ནས་སྨྱོ་རྒྱུག་བྱེད་མཁན་དང་། ཉེན་འགོག་ཞྭ་མོ་གོན་དགོས་ཞེས་སྒྲིག་འགལ་འཕྲིན་སྟེགས་སུ་སྐྱོན་བརྗོད་བགྱིས་ན་ཡང་། ཡར་གསེག་ཁ་ལོ་བ་འདི་ཚོར་འགྲིམ་འགྲུལ་ལག་རྟགས་མེད་པའི་ཁར། ད་དུང་ཡིན་མདོག་ཁ་པོས་སྒོར་མོའི་བསླུ་བྲིད་ཀྱིས་ཙག་ཙིག་གི་ཚོང་རྫས་རྟས་མི་ཐེག་པ་རེ་དྲུད་དེ་ཡར་རྒྱུག་མར་འདུར་ལ་འགྲོས་དལ་མོ་དང་གཟབ་ནན་མོས་བསྐོར་བའི་སྲོལ་ཁ་སྔ་མོ་ནས་དོར་འདུག

      ཚན་རིག་དཔལ་འབྱོར་གྱི་འཕེལ་ཁས་གྲོང་དང་གྲོང་གསེབ། ཡུལ་ལུང་དང་ཡུལ་ལུང་སོ་སོ་རྒྱང་ཐག་ལེ་དབར་ཁྲི་སྟོང་གིས་ཆོད་ཀྱང་བསྣོལ་མར་སྦྲེལ་བའི་གཞུང་ལམ་ཇེ་མང་ནས་ཇེ་ཡངས་སུ་འཕེལ་ཏེ་སྤྱི་ཚོགས་འཁོར་རྒྱུག་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས། རྣམ་ཤེས་བླ་སྲོག་བྲལ་བའི་འཕྲུལ་གྱི་འཁོར་ལོར་འཇུ་དུས། འགྲིམ་འགྲུལ་སྒྲིག་སྲོལ་ནི་བདེ་འཇགས་ཚེ་སྲོག་སྲུང་བའི་གོ་ཆ་དང་། ཆག་སྒོ་ཉེན་ཁ་འགོག་པའི་རགས་ཁ་ཡིན་པ་མ་བརྗེད་བགྱིས།

གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་པ།བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993