(ཐུན་ཏེ) མགར་ཐང་དཀར།
སྤྱིར་མི་ནི་འཁོར་བ་འདི་ཡི་མགྲོན་པོའམ་འཁོར་བ་མི་ལ་གཟས་པའི་ཐོབ་སྐལ་ཞིག་ཡིན་པ་འདྲ། ཡིན་ཡང་འཁོར་བའི་མི་དག་འཚོ་བའི་དོན་དུ་བྲེལ་གྱིས་རྒྱུག་ཅིང་ངལ་བའི་ཁྲོད་དུ་དབུགས་ཧད་ཧད་ངང་གནས། དེ་ལྟར་སྡོད་ལོང་མེད་པའི་དུས་ཚོད་དང་སྐར་ཆའི་ཐག་སྒྲ་རེ་རེ་ལས་ཡུན་ཐུང་མི་ཚེ་འདི་ལ་ཟིན་ཐོ་འབྲི་བཞིན་ཡོད།
དེ་ལྟར་གོ་སྐབས་བསྒུག་ན་མི་ཡོང་ལ་ཉེན་ཁར་གཞའ་ན་མི་འགྲོ་ཟེར་བའི་དཔེ་བཞིན་ཆེས་གཅེས་པར་འོས་པའི་ཚེ་སྲོག་རེ་རེ་ཕངས་སེམས་དང་སྐྱོ་གར་གྱི་ཀློང་དུ་མེད་པར་འགྱུར་གྱིན་འདུག ཚེ་སྲོག་མཐའ་དག་ལ་གསོན་པའི་རྒྱུ་མཚན་དང་གནས་ལུགས་འཐུས་ཚང་རེ་ཡོད་པ་སྨོས་མ་དགོས་མོད། དམིགས་འདུན་ཁ་ཅིག་གི་དོན་དུ་ཉེན་ཁ་དང་ཐག་ཇེ་ཉེར་མི་གཏོང་ཐབས་མེད་དུ་ཆགས་ཀྱིན་ཡོད་ལ་དེ་ཡི་མིང་ལ་འཚོ་བ་ཞེས་ཐོགས་ཡོད།
འཇིག་རྟེན་པའི་འཚོ་བའི་ཉིན་སྲིབ་ཀུན་དུ་འགྲན་རྩོད་དང་རྒྱལ་ཕམ་གྱི་ཆེད་དུ་གཅིག་གིས་གཅིག་ལ་བང་འགྲན་གྱིན་ཡོད་ལ། བདེ་སྐྱིད་ཟེར་ནས་མི་རྟག་པའི་གྲུ་ཁ་ཆུང་ཆུང་དེར་སུས་ཀྱང་འཚང་ཀ་བར་མེད་དུ་རྒྱག ཡང་ཅིག་བཤད་ན་མིའི་ཧམ་སེམས་ནི་ཤིན་ཏུ་སྐོང་བར་དཀའ་བའི་སྟོང་ཆ་ཆེན་པོ་ཞིག་ཡིན་ཕྱིར་ཚེ་སྲོག་གི་འཇབ་རྒོལ་རེ་རེ་མ་བསམ་ས་ནས་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་དེང་རབས་ཅན་མངོན་དུ་འགྱུར་བའི་དུས་བཟང་འདིར་བློ་ཡིད་ལས་འདས་པའི་འགྲིམ་འགྲུལ་གྱི་དོན་རྐྱེན་སྣ་ཚོགས་པ་ཞིག་འཕྲོ་རིམ་འཕྲོར་བྱུང་གིན་འདུག
ཡང་བསམས་ཤིང་བསམ་ན་ང་རང་མཐོ་འབྲིང་སྐབས་སུ་བྱུང་བའི་ཡ་ང་བའི་དོན་རྐྱེན་བགྲོད་ལམ་ཨང་དྲུག་པའི་གོད་ཆག་དེ་ནི་ཤིན་དུ་བརྗེད་པར་དཀའ་བའི་གནས་སུ་གྱུར་ཡོད་རྐྱེན་བརྩམས་ཆོས་འདི་ལས་དེ་རང་ཕྲན་ཙམ་གླེང་དགོས་བྱུང་། སྤྱིར་བགྲོད་ལམ་ཨང་དྲུག་པ་ནི་ཡུལ་ག་གེ་མོའི་གཞུང་ལམ་ཨང་དྲུག་པར་ཟོག་འདྲེན་རླངས་འཁོར་ཆེ་བ་ཞིག་གིས་ལམ་འགྲམ་དུ་རླངས་འཁོར་ལས་ངལ་གསོ་གནང་བའི་བཟའ་མི་གསུམ་ལ་གདོང་ཐུག་བརྒྱབ་སྟེ་ཚེ་སྲོག་རྨེག་མེད་དུ་བཏང་བའི་དངོས་བྱུང་དོན་རྐྱེན་ཞིག་ཡིན། སྐབས་དེར་ང་ཡུལ་དངོས་ལ་བཅར་མ་ཐུབ་མོད། ཡིན་ཡང་ང་དང་ལྷན་དུ་ཡོད་པའི་སློབ་གྲོགས་དག་གིས་བཤད་ན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་གློ་བུར་ཁ་ཕྱོགས་ལ་ཚོད་འཛིན་མ་ཐུབ་པས་ལམ་འགྲམ་དུ་ངལ་གསོ་གནང་བའི་རླངས་འཁོར་ཆུང་བ་དེར་གདོང་ཐུག་བརྒྱབ་པར་མ་ཟད་རླངས་འཁོར་ཆུང་བ་དེ་བསྟུད་མར་སྐོར་བ་གསུམ་བཞི་ཙམ་བརྒྱབ་རྗེས་ལམ་འགྲམ་གྱི་རྡོ་ཡི་འགྲམ་སྐྱོར་ལ་སྦྱར་བྱུང་ཞེས་ཚ་ཚ་འུར་འུར་དུ་གླེང་། ངས་ཡུལ་དངོས་མ་མཐོང་ཡང་སློབ་གྲོགས་ཚོའི་གླེང་གཞི་ལས་ཡོད་ཚད་རྟོགས་ཐུབ། ཁོ་ཚོས་བཤད་ན་ཏག་ཏག་དོན་དག་མ་བྱུང་བའི་ཡར་སྔོན་དུ་འཛིན་གྲྭའི་སློབ་གྲོགས་འགའ་ངལ་གསོ་གནང་བའི་རླངས་འཁོར་ཆུང་བ་དེའི་ཉེ་འགྲམ་ནས་ཡོང་ཞིང་རླངས་འཁོར་དེའི་ནང་དུ་ན་ཚོད་དར་ལ་བབ་པའི་སྐྱེས་པ་ཞིག་དང་བུད་མེད་ཅིག་གིས་ལོ་ན་ལྔ་དྲུག་ཙམ་ལ་སོན་པའི་བྱིས་པ་སྙིང་རྗེ་བོ་ཞིག་པང་ནས་གཉིད་ལོག་འདུག་པ་མཐོང་བྱུང་ཟེར།
ཇི་འདྲིའི་ཡིད་ཕངས་པ་ལ་ཨང་། གོང་གསལ་གྱི་དོན་རྐྱེན་དེ་ཡང་འཚོ་བའི་དོན་དུ་ཡིན་སྲིད་ལ་ཁོ་ཚོ་སུ་ཞིག་རྨི་ལམ་ཆུང་ཆུང་ཞིག་གི་དོན་དུ་ཡིན་ནའང་ཐང་། གང་ལྟར་ཚེ་སྲོག་གི་འཇབ་རྒོལ་ལ་རྒྱུ་མཚན་མི་དགོས་པས་ང་ཚོ་མི་སུ་དང་གང་ཡིན་ཡང་དོན་ཅི་སྒྲུབ་ཀྱང་རིན་ཐང་གི་དོན་དུ་རིན་ཐང་འཚོལ་བ་ལས་རིན་ཐང་གི་ཆེད་དུ་རིན་གོང་འཚོལ་བ་ནི་ཆེས་བེད་མེད་དང་སྙིང་བོ་དབེན་པའི་བྱ་སྤྱོད་ཅིག་ཡིན་པས། ཀུན་གྱིས་རང་ཉིད་ཀྱི་ཚེ་སྲོག་གཅེས་སུ་འཛིན་རྒྱུ་རིམ་པ་དང་པོར་བཞག་སྟེ་ཡུན་ཐུང་མི་ཚེ་འདི་ལ་བདེ་ཐང་གི་ལོངས་སྤྱོད་འོས་འཚམ་ཞིག་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས།
གྱེར་ཀློག་པ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993