(གཅན་ཚ) འཇམ་དཔལ།
འཇིག་རྟེན་མི་ཡུལ་འདི་ནས། མི་བུ་སྒེར་གྱི་མདུན་ལམ་སྟོན་མཁན་དང་། ས་གནས་ཤིག་གི་ཕྱུག་སྒྱུར་ལམ་ཡིག མི་རིགས་ཤིག་གི་མ་འོངས་སྒྲོན་མེ། རྒྱལ་ཁབ་ཅིག་གི་འཕེལ་རྒྱས་སྒུལ་ཤུགས། འཛམ་གླིང་སྒང་གི་བདེན་དགེ་མཛེས་གསུམ་བསྟོད་མཁན། རྫུན་ངན་བཙོག་གསུམ་མིང་གི་ཕྱེ་མར་གཏོང་མཁན་ཐམས་ཅད་གཟུང་ཐག་ཅིག་གིས་དམ་པོར་སྦྲེལ་ཡོད་དེ། དེའི་མིང་ལ་སློབ་གསོ་ཟེར།
དུས་ཁ་སང་། རིག་བཟང་ཐར་དུ་འབོད་པའི་གཅེས་ཕྲུག་དེ་གནམ་འོག་གི་བྱིས་པ་གཞན་དག་དང་འདྲ་བར་རང་ཁྱིམ་ནས་དྲིན་ཆེན་ཡབ་ཡུམ་ཟུང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་ལྟ་ན་སྡུག་ཅིང་ཡི་གར་འོང་ལ། སློབ་ཆུང་ནས་དམའ་འབྲིང་འགྲིམས་པའི་སློབ་གྲྭ་རུ་རིག་བཟང་དུ་འབོད་པའི་གཅེས་ཕྲུག་དེ་ནི་དགེ་རྒན་རྣམ་པའི་སློབ་སྦྱོང་དང་སྒྲིག་ལམ། གཙང་སྦྲ་གང་ཐད་ནས་བསྟོད་པའི་མཐེ་བོང་བསྒྲེང་ཡུལ་དང་བསྔགས་པའི་མེ་ཏོག་གཏོར་ཡུལ། མིག་དཔེར་འོས་པའི་མཚན་གཞིར་བཞག་པ་བྱ་དགའི་གཟེངས་རྟགས་ཁོ་ནས་ར་སྤྲོད་བགྱིས་སླའོ། །
དུས་དེ་རིང་མཐོ་འབྲིང་འགྲིམས་པའི་ལོ་ཟླ་དེ་དང་། ད་དུང་ཕ་མ་འཐོར་བའི་ལོ་ཟླ་དེ་ནི་མིང་དོན་མཚུངས་པའི་རིག་བཟང་གི་དགའ་བའི་དགའ་བྲོ་ནས་སྐྱོ་བའི་སྐྱོ་བྲོའི་ཁུངས་སྣེ་ཁོ་ནར་གྱུར།
ཉིན་མོ་དེ་ནས། རིག་བཟང་ཐར་ནི་རང་གི་མེས་པོ་མེས་མོའི་རྒྱབ་ཀྱི་ཁུར་བོར་གྱུར་ལ། སློབ་གྲྭ་རུ་ནངས་མོར་དུས་ལངས་མི་བྱ་བ་དང་། སློབ་ཁྲིད་ཀྱི་སྐབས་སུ་རྣ་བ་མི་གཏོད་པ། བགོས་པའི་ལས་བྱ་མི་འབྲི་བ། སྐར་འབྲས་ཇེ་ཞན། དུ་བ་འཐེན་པ་དང་སློབ་ཁྲིད་ལ་མི་ཞུགས་པ། ཁྱུ་དང་སྐོར་གྱིས་རྡུང་རེས་བྱེད་པའི་མཚོན་པའི་སྤྱོད་ངན་གྱི་རི་རབ་བརྩིགས་མྱོང་བར་མ་ཟད། མཚན་མོར་མལ་ཁང་ནས་མི་ཉལ་བར་དྲ་ཁང་ཉུལ་བའི་སྣང་ཚུལ་ཡང་གཅིག་མིན་བསྟུད་མར་བྱུང་མྱོང་བས། འཛིན་བདག་གིས་ཀྱང་མེས་པོ་མེས་མོར་འབྲེལ་གཏུག་བགྱིས་ཏེ་ཁ་ཞེ་གཉིས་མིན་དང་མངོན་སུམ་འཛེམ་མེད་ཀྱིས་སློབ་གསོ་ཡང་དང་བལྡབས་ཀྱིས་བཏང་ན་ཡང་། ཆུ་ཆེན་ནང་དུ་རྡོ་བ་འཕངས་པ་ཇི་བཞིན་རྔོ་ཐོགས་གཅིག་ཀྱང་མེད་པའི་ཁར་ད་དུང་སྔར་ལས་སློབ་མར་བརྙས་བཅོས་དང་སྲུང་སྐྱོབ་ཀྱི་རོགས་དངུལ་བསྡུ་བ། སྤྱི་ཚོགས་སྟེང་གི་མི་ངན་གྲོགས་སུ་བསྒྲིགས་ཏེ་ནག་ཚོགས་ལྟ་བུའི་ཟང་ཟིང་གི་གནས་ཚུལ་གང་མང་མུ་ནས་མུ་རུ་བསྒྲུབས་མྱོང་སྐད། སྒོས་སུ་བརྗེད་དཀའ་བ་ནི་ཕ་ཡུལ་གྱི་རི་ཆུ་ལྟ་བུ་དང་ཕ་ཡུལ་གྱི་ཞིང་ས་ལྟ་བུ། ཕ་ཡུལ་གྱི་གཉེན་ཉེ་ལྟ་བུའི་དབྱར་གནང་བཏང་བའི་ཉིན་མོར་བྱུང་བའི་མི་ཤིའི་དོན་རྐྱེན་དེའོ། །
མཁའ་དབུགས་དྭངས་པའི་ནངས་མོ་དེར། སློབ་གྲྭས་ནམ་རྒྱུན་དང་འདྲ་བར་ཞོགས་རྩལ་རྒྱུགས་རྗེས། དབྱར་གནང་བཏང་བ་གསལ་བསྒྲགས་བྱས་ཤིང་། ཁྱིམ་བདག་གི་ཚོགས་པའི་ནང་དུ་གནས་ཚུལ་འདི་ཉིད་བརྒྱུད་སྐུར་གྱིས་ཤིག་ཅེས་སྨྲས་བྱུང་བ་དང་འབྲེལ་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་སློབ་གྲོགས་གཅིག་ཀྱང་ཆད་ལྷག་མེད་པར་སློབ་གྲྭ་དང་ཁ་འབྲལ་དགོས་པའི་སྐོར་ཡང་ནན་གྱིས་གསུངས་པ་ན། སློབ་གྲོགས་རྣམས་ནི་བྱེའུ་ཚང་ལས་ཤོར་བ་དང་རྟ་རྒོད་མཐུར་ལས་ཤོར་བ་ནང་བཞིན་དགའ་སྤྲོ་དང་དགོད་སྒྲའི་ཁྲོད་ནས་ནངས་ཇ་འཐུང་དུ་སོང་།
ཏག་ཏག་སློབ་བུ་རིག་བཟང་ཐར་ཡང་སློབ་གྲོགས་རྣམས་དང་མཉམ་དུ་སློབ་གྲྭ་ནས་རང་ཁྱིམ་དུ་ལོག་པའི་ལམ་དུ་ཞུགས། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་སྐོར་མཁན་ལག་རྟགས་མེད་པའི་ཅུང་བཟི་བོ་ཡིན་པའི་རླངས་འཁོར་ཞིག་དང་གདོང་ཐུག་དེའི་དབང་གིས་སྐྱིད་པའི་མི་ཡུལ་འདི་དང་བྲལ་བའི་མི་འདོད་གཏམ་ངན་རྣ་བའི་སྦུབས་སུ་ག་ལེར་ཐོས། སེམས་པ་བདེ་ལ་འབབ་མི་ཐུབ་པའི་ཕྱི་དྲོ་དེར། ངས2024ལོའི་རྒྱབ་གཟུགས་ངོ་མ་མཐོང་ཞིང་། 2025ལོའི་རྡོག་སྒྲ་ཉེ་བར་བཅར་བ་ཡང་ཐོས་པ་ན། གངས་དཀར་སེམས་སུ་མི་ཚེ་ཟེར་བ་དང་ཚེ་སྲོག་ཟེར་བ་ནི་ཇི་འདྲའི་མི་རྟག་པའི་བདག་ཉིད་ཅན་གྱི་མིང་བྱང་ཉམ་ང་བ་ཞིག་རེད་ཨང་སྙམ།
བསིལ་རླུང་འཇམ་པོས་ཁོར་ཡུག་གི་ཡོད་ཚད་བདེ་སྣང་དུ་སྒྱུར་བཞིན་པའི་སྟོན་ཁའི་དུས་ཚིགས་འདིར། ད་ནི་རྐྱང་བ་ཐམས་ཅད་སྐུམ་པར་བྱེད་ཅིང་མངོན་ཡོད་པ་ཐམས་ཅད་གཡོགས་པར་བྱེད་ལ། འཛིང་ཡོད་པ་ཐམས་ཅད་རུབ་པར་བྱེད།
ཀྱི་ཧུད། འགྲིམ་འགྲུལ་དོན་རྐྱེན་ནི། ཇི་འདྲའི་སྟོན་མཇུག་གི་ཡིད་སྐྱོ་བའི་ས་གཞི་ཡི་ངོ་གདོང་དང་གྲང་ཤུར་ཤུར་གཡུག་བཞིན་པའི་རླུང་བུ་དང་ཇི་འདྲའི་བར་ཐག་མཚུངས་ཨང་།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།དོ་དམ་པ།
བསོད་ནམས་དོན་འགྲུབ།ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།