(རེབ་གོང) བསེ་ཀུན་དོང་།
ཇི་སྐད་དུ། ཕོ་ཉ་གཞོན་ནུ་དོན་གྲུབ་ལས། འཕྲང་ཞེས་རྒྱ་ཁབ་ཕྲ་མོའི་བུ་ག་ལས། ། ལུས་ཕྲ་ཐོ་རེངས་བསེར་བའི་གཟུགས་སྒྲ་ཅན། ། འཇིགས་པའི་སྐྱི་གཡའ་སྲིད་པ་བར་མའི་འཕྲང་། ། གསལ་བྱེད་མེ་ལོང་གཉིས་པ་ཡོད་མ་ཡིན། ། ཞེས་དྲག་ཤུལ་གྱི་ཉམས་འབུར་དུ་ཐོན་པའི་གནས་དེ་ནི། རྨ་ཀླུང་དགའ་བ་འཁྱིལ་བའི་འགྲོས་ཀྱིས་ཕྱེ་བའི་ལྷོ་བྱང་གཉིས་ལས། ལྷོ་རྒྱུད་འཛིན་མའི་ཐིག་ལེ། རྣམ་འདྲེན་ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་འཕྲིན་ལས་ཀྱི་ལྗོན་པའི་གྲིབ་བསིལ་སྙོམས་པོར་ཕབ་པའི་ཞིང་ཁམས། རོང་བོ་དགོན་ཆེན་ཆོས་འཁོར་གླིང་གི་ལྷོ་ཕྱོགས་སུ་རྫོང་དམར་ཁོག་གི་ཆུ་དམར་དང་། ས་ནག་གཞུང་གི་ཆུ་ནག ཀླུ་བྱུང་བཙན་མོའི་ཁོག་གི་བཙན་ཆུ། ཨ་ཡངས་སྟག་མོའི་རྫོང་ཆུ། སྤྱང་ཕུ་ར་རྩེའི་སྤྱང་ཆུ། བ་རོང་ལུང་བའི་བ་ཆུ་བཅས་རོང་བོ་དགུ་ཆུའི་ཆུ་སྣ་དྲུག་འདུས་ཀྱི་འདྲེས་མདོར་རོང་བོ་འཕྲེང་ཞེས་བྱ་བ་འདིར་སྲིད་པའི་རྡོ་ཕ་བོང་ནག་པོ་ཞིག་ཡོད།
ངག་རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་འདོགས་དུས་ཕ་བོང་འདིས་སྲིན་མོ་ཞིག་མནན་ཡོད་པར་བཤད། གཞན་ཡང་། ཨ་མྱེས་སེ་གུ་བྱ་ཁྱུང་དང་ཨ་མྱེས་སྟག་ལུང་གཉིས་ཀྱིས་ཨ་མ་གྱོ་མོ་རོགས་རྩོད་རྒྱག་དུས་འུར་རྡོ་ཞིག་ལྷུང་བ་དེ་ཡིན་པར་གྲགས། གང་ལྟར་གནས་འདི་ནི་གནའ་དེང་གཉིས་ཀར་ས་རྩུབ་ས་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད། སྤྱི་ཚོགས་རྙིང་བར་ཆོམ་རྐུན་མང་པོས་སྒུག་ས་ཞིག་ཡིན་པས། རེབ་གོང་འཕྲང་ཡར་ནང་མར་ནང་གི་བེ་ཧུ་དང་ཕྱུག་པོ་སེར་སྣ་ཅན་གྱི་མི་རྒྱུ་བཅོམ་འཕྲོག་གི་ལས་ཟམ་མི་ཆད་པར་བྱུང་ལ། རྒྱལ་པོ་དཔོན་པོའི་བཅིབས་རྟ་ཡང་དམ་སྲིའི་མཐུ་ལས་ཕ་བོང་ནག་པོ་བརྒྱུད་ནས་འགྲོ་སྐབས་གད་སོང་བའི་དངོས་བྱུང་གཏམ་རྒྱུད་ཅིག་ཀྱང་ཡོད་སྐད། རྟིང་སོར་ཕ་བོང་ནག་པོ་ནི་འཕྲང་ཡར་ནང་གིས་མ་པུའུ་ཧྥང་གི་ཇག་དམག་འགོག་པའི་བཙན་རྫོང་ཞིག་ཏུ་གྱུར་བ་ཡབ་མེས་ཀྱི་ཁ་ན་རླུང་ལྟར་གྲགས།
ད་ལྟ་འཕྲང་ནི་རྐང་ལམ་ནས་གཞུང་ལམ་དུ་བསྒྱུར་ཞིང་མྱུར་བགྲོད་གཞུང་ལམ་ལྟར་འགྲིམ་འགྲུལ་ཆེ་ཆུང་མང་པོ་ལྷོད་ཀྱིས་རྒྱུ་ན་ཆོག་མོད། ཕ་བོང་ནག་པོ་དེ་སྔར་བཞིན་མི་དམངས་ཀྱི་ཁ་ན་ཧ་ཅང་འཁྱགས། འཕྲང་ཡར་ནང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཐོས་འཕྲལ་ཚང་མས་ཡིད་ལ་འཁོར་བ་ནི་ཕ་བོང་ནག་པོ་ཡིན་པར་སེམས།
ལོ་འགའི་སྔོན་ཞིག་ལ། ཨ་ཕས་འཕྲུལ་རྟ་ཞོན་རྒྱུ་སྦྱངས་ནས་རྡོག་ལམ་ཐུབ་ཙམ་ཞིག་ལ་ཕ་བོང་ནག་པོ་བརྒྱུད་ནས་འགྲོ་སྐབས། དངོས་ཟོག་རླངས་འཁོར་ཞིག་ལ་གདོང་ཐུག་བརྒྱབ་སྟེ་ལམ་འགྲམ་དུ་གཡུགས་བྱུང་ཟེར། ཅུང་མ་འགོར་བར་དངོས་ཟོག་གི་ཁ་ལོ་བ་དང་ལམ་འགྲོ་མང་པོས་ཁ་རུབ་ནས་འདུག ཨ་ཕས་ཡར་ལྟ་མར་ལྟ་བྱེད་ཞོར་དལ་གྱིས་ཡར་ལངས་ནས་ང་ལ་སྐྱོན་མི་འདུག ང་ལན་པ་ཡིན་ཞེས་བཤད། མཚམས་དེར་ཨ་ཕའི་ངོ་ཤེས་རེ་འགས་དེ་མ་ཐག་སྨན་ཁང་ལ་སོང་ན་བཟང་ཟེར་ནས་ཁ་ལོ་བས་ཨ་ཕ་སྨན་ཁང་དུ་བསྐྱལ་ཏེ་བརྟག་དཔྱད་བྱེད་དུས། ཨ་ཕའི་དཔྱི་ཡི་རུས་པ་གས་སྐྱོན་བྱུང་འདུག མ་མཐའ་ཡང་ཟླ་གཉིས་གསུམ་ལ་སྨན་ཁང་ནས་ཞག་སྡོད་བྱེད་དགོས་པར་ཐག་བཅད། ཁ་ལོ་བས་རྒད་པོ་འདི་ཚིག་ཐོག་ནས་མི་འདུག་པར་གྱོད་ནག་ཅིག་གི་ཁ་ཕྱེ་བར་དོགས་ནས་འདུག་དུས། ཨ་ཕས་རུས་པའི་གས་སྐྱོན་ཡིན་ན་སྨན་ཁང་ནས་བསྡད་ནས་དགོས་པ་ཆེན་པོ་མི་འདུག ད་ཐེངས་ངས་བདེ་འཇགས་ཞྭ་མོ་གྱོན་ཡོད་པས་མགོ་ལ་སྐྱོན་མ་བྱུང་བ་བཟང་བ་རེད། ང་མ་གཞི་ནས་འཕྲུལ་རྟ་ཞོན་རྩལ་མི་བཟང་བའི་ཁར་དེ་རིང་དངོས་ཟོག་རླངས་འཁོར་ཆེ་བ་ཞིག་ཡོང་བར་འཚབ་ནས་རླངས་འཁོར་ལ་ལམ་གཟུར་མ་ཐུབ་པས་ལན་པ་ཡིན། ཁ་ལོ་བ་ཁྱོད་སོང་ན་ཆོག ང་ཡང་སྨན་ཁང་ནས་འབུད་རྒྱུ་ཡིན་ཞེས་བཤད་པ་ན། ཁ་ལོ་བ་དང་མཐའ་འཁོར་གྱི་མི་རྣམས་ཧ་ལས་སོང་ཟེར། ང་ཚོས་ཨ་ཕ་གྱོལ་ནས་ཁྱིམ་ལ་ཐོན་པ་མ་གཏོགས་མ་ཤེས་ལ། རུས་ཆག་ཉིན་བརྒྱ་མི་དྲག་ཟེར་བ་ཁོ་ཐག་རེད། ཁོ་ཁྱིམ་ནས་ཟླ་གསུམ་གྱི་རིང་ལ་ལག་རྟེན་ལ་ཁེན་ནས་གཅིན་ཐོག་དང་སྒོ་ཕྱི་ཁྱམས་ལ་འབུད་པ་རེད། དེ་དུས་ཁོའི་བཟང་ས་རྒྱན་ས་དང་ཤ་ཉེ་རིང་ཅི་མང་ཞིག་ཁོར་འཚམས་འདྲིར་ཡོང་ནས། ལ་ལས་ཁོ་ལས་རྒྱུ་འབྲས་བརྩི་བའི་མི་རླབས་ཆེན་ཞིག་ཡིན་རབས་ཟེར། ཡང་ལ་ལས་ཁོ་བླུན་པོ་ཞིག་རེད། སྨན་ཁང་ནས་སངས་དྲགས་སུ་བཏང་སྟེ་འགྲོ་སོང་མ་དངུལ་ཞིག་བླངས་ན་འགྲིག ད་ཁྱིམ་མིས་ལན་ཆགས་རེད་ཟེར། ཁོ་གད་མོ་དགོད་ཞོར་དུ་བདག་གཞན་མཉམ་བརྗེ་བྱས་ན་བཟང་། ངོ་མ་ང་ལན་པ་ཡིན་ཟེར་བ་ལས་ཅི་ཡང་ལབ་རྒྱུ་མི་འདུག
ང་ནམ་ཡང་རོང་བོ་འཕྲང་བརྒྱུད་ནས་ཡུལ་ལ་ལོག་ཐེངས་རེ་རེར་ཨ་ཕའི་ཕ་བོང་ནག་པོ་ལྟ་བུའི་རང་གཤིས་གྱོང་བོ་དེ་ཡིད་ལ་ཡང་ཡང་འཁོར་ཞིང་། ཕ་བོང་ནག་པོ་དེ་ཡང་དོན་རྐྱེན་བྱུང་བ་མང་སའི་གསལ་འདེབས་ཀྱི་འགྲིལ་འགྲུལ་སྦྱར་བྱང་ཞིག་དང་འདྲ་བར་མིག་ལ་ལྷུང་ཞིང་ཡིད་ལ་འཇགས་པ་ཞིག་རེད་ཨང་།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།དོ་དམ་པ།
བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།