འགྲིམ་འགྲུལ་དོན་རྐྱེན་དང་སྒོར་མོ།༼བསྡུས་རྩོམ།༽
2024.10.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

(གཅན་ཚ) གཅན་རྣམ་ཐར།

སྟོན་ཟླ་རིང་མོ་ཞིག་ཕར་འདས་ཤིང་། དགུན་རྒྱ་སྟག་འདྲ་བོ་ཚུར་སླེབས་ཏེ་རི་གྲོང་ཆུང་ཆུང་འདིའི་ཕྱིའི་ཁ་དོག་ཀྱང་སྐྱ་མདོག་ནས་ཐལ་མདོག་ཏུ་གྱུར་བས། གང་ནས་བལྟས་ཀྱང་ཡིད་སེམས་མི་སྐྱིད་པ་དང་སྣང་བ་ཨ་ཐང་ཆད་པའི་སེམས་ཀྱི་ཚོར་འདུ་ཞིག་མི་རྣམས་ལ་རང་དབང་མེད་པར་སྟེར་བ་རེད། སྐབས་དེ་ཤེད་ཅིག་ལ་རང་ཉིད་ནི་དམའ་འབྲིང་འགྲིམ་པའི་སློབ་མ་ཞིག་ཡིན་ལ། དགུན་གནང་བཏང་ནས་ཡུལ་ལ་ཡོང་ཡོད་པ་དང་། ནམ་རྒྱུན་ལྟར་མཚམས་ལན་རེར་རང་ཁྱིམ་འདིར་འབྲི་མཛོ་མོ་བཅུ་ཕྲག་རེ་འགའ་ཡོད་པ་དེ་དག་ནངས་མོ་ཉི་མ་མ་ཤར་བའི་གོང་རོལ་དུ་རི་ལ་འདེད་པ་དང་། ཉིན་གུང་དྲོས་ཇ་འཐུང་རྗེས་རི་ནས་ཕྱིར་ཁྱིམ་ལ་དེད་ཡོང་བར་འགྲོ་དགོས་པ་རེད། དེ་ལྟར་ཁྱིམ་སྦྱོང་དང་ཁྱིམ་ལས་ཙག་ཙིག་བྱེད་ཞོར་དུ་ཉི་མ་རེ་རེ་ཕར་འདས་ནས་ལོ་གསར་པ་ཚེས་ལ་ཉེ།

ཉིན་ཞིག་གི་ནངས་མོར། ཁྱིམ་མི་ཚོ་དང་མཉམ་དུ་ནམ་རྒྱུན་གྱི་ཁྱིམ་ལས་ཙག་ཙིག་འགའ་ལས་རོགས་བྱས་ཚར་བ་ན། ནམ་རྒྱུན་ལྟར་ཉི་མ་ལྷོད་ལ་བབས་པ་ན་སྡེ་བའི་མ་ཎི་ཁང་གི་སྒོ་ཁར་མ་གྲོས་རང་འདུས་ཀྱིས་སྡེ་བའི་གསར་བུ་ཚོ་དང་བྱིས་པ་རྣམས་ཡོང་སྟེ།  གསར་བུ་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་བྱུང་བའི་དོན་དག་སྣ་ཚོགས་ཁ་བརྡ་བཤད་པ་དང་། བྱིས་པ་ཚོ་རང་རང་ས་ནས་རྩེད་འཇོ་སྣ་ཚོགས་ལ་རོལ་ནས་འདུག་སྲོལ་ཡོད་པས།  རང་ཉིད་ཀྱང་ཡུལ་ནས་བསྡད་ན་མ་འདོད་པར་མ་ཎི་ཁང་གི་སྒོ་ཁར་སོང་ནས་གསར་བུ་ཚོས་ལབ་གླེང་བྱེད་པའི་ཁ་བརྡར་ཉན་ནས་བསྡད། ཅུང་མ་འགོར་བར་སྡེ་བའི་ནང་གི་བསམ་ཤེས་རྒད་པོ་ཞིག་ཡོང་ནས་གསར་བུ་ཞིག་ལ་སྐད་ཆ་ཤབ་ཤུབ་འགའ་བཤད་པ་ན་ཚང་མས་ངོ་མདོག་འགྱུར་ནས་ཟང་ཟིང་ལང་ལོང་དང་བྲེལ་བྲེལ་འཚུབ་འཚུབ་སྒོས་རང་རང་གི་ཁྱིམ་ལ་བུད་འགྲོ་བ་རེད། སྐབས་དེར་ངས་ཀྱང་སེམས་མ་བདེ་བར་དོན་དག་ཅིག་བྱུང་སོང་བ་ཁོ་ཐག་རེད་སྙམ་ནས་ཡུལ་ལ་ཡོང་བ་ན། རྨོ་མོ་དང་ཨ་མ་གཉིས་ཁྱིམ་ན་ངུ་བཞིན་འདུག ད་ནི་དངོས་གནས་བློ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་ཟིན་པ་རེད་སྙམ་ནས་སྒོར་བུད་པ་ན། སྡེ་བའི་སྐྱེས་པ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སྡེ་བ་དང་ཅུང་ཁ་ཐག་རིང་བའི་ང་ཚོའི་སྡེ་བའི་ཆུ་མ་ཁུལ་དུ་རྒྱུག་བཞིན་འདུག ཆུ་མ་ཁུལ་ནི་ང་ཚོའི་སྡེ་བའི་འབྲུ་རིགས་ཡོང་ཁུངས་གཙོ་བོ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་དགུ་ཆུའི་འགྲམ་རྒྱུད་ན་ཆགས་ཡོད། དོན་ངོ་མ་ནི་ངེད་ཚང་གི་ཤ་ཉེ་ཨ་མྱེས་རྡོ་སྐྱབས་ལ་ཁྲག་རྩ་མཐོ་བ་དང་སྙིང་ཁམས་མ་བདེ་བས་ཨ་ནེ་ཚེ་གོ་དང་ཁོ་གཉིས་ཆུ་མ་ས་ཁུལ་ནི་ས་བབ་དམའ་བས་ནམ་རྒྱུན་དེ་ན་རྒྱུན་སྡོད་བྱས་ཡོད་པ་རེད། ད་ནངས་ཞོགས་པར་རྫོང་ཐོག་ལ་སྨན་ལེན་དུ་འགྲོ་དགོས་བྱུང་བས་ཁོང་རྒན་རྒོན་གཉིས་རྒྱ་ལམ་ཁར་རླངས་འཁོར་སྒུག་ཏུ་ཡོང་བའི་ལམ་བར་དུ་སྟབས་མ་ལེགས་པར་ཧ་ཡང་འདྲུད་པའི་ཟོང་སྐྱེལ་རླངས་འཁོར་ཞིག་གིས་ལམ་འགྲམ་ན་འགྲོ་བཞིན་པའི་ཨ་ནེ་ཚེ་གོའི་སྐེ་རགས་ལ་ཐོགས་ནས་དྲུད་དེ་བསད་སོང་བ་རེད། ང་ཡང་སྡེ་མི་ཚོ་དང་མཉམ་དུ་རྒྱུགས་ནས་དོན་རྐྱེན་བྱུང་སར་སོང་བ་ན། རླངས་འཁོར་དེ་སྡེ་མི་ཚོས་བཀག་ནས་ར་སྐོར་ཞིག་གི་ནང་དུ་བཞག་ཡོད་པ་དང་ཁ་ལོ་བའི་ཤ་ཉེ་འགའ་ཡང་ཐོན་འདུག དེ་ནས་མྱུར་དུ་ང་རང་ཨ་མྱེས་རྡོ་སྐྱབས་ཚང་ལ་སོང་བ་ན་ཨ་མྱེས་རྡོ་སྐྱབས་ཀྱིས་མ་ཎི་ལག་སྐོར་ཞིག་བསྐོར་ནས་བསྡད་ཡོད་ལ། ང་ཚོ་ཤ་ཉེ་རྣམས་ཀྱིས་མྱུར་དུ་བེམ་པོ་སྒོར་སྐྱེལ་བའི་སྟ་གོན་བྱས་པ་ཡིན།

དོན་རྐྱེན་དེ་འགྲིམ་འགྲུལ་ཉེན་རྟོག་པ་ལ་ཡར་ཞུ་བྱས་ཡོད་མེད་ཀྱང་མ་ཤེས་མོད། འོན་ཀྱང་དོན་དག་སྒེར་ནས་བཤད་རྩིས་བྱས་ཡོད་ལ། དོན་དག་བཤད་མ་ཚར་བར་དུ་རླངས་འཁོར་ཕྱིར་མི་སྤྲོད་པ་དང་། ཤི་བོར་གཤིན་ཆོས་བཅོས་ནས་ཚར་རྗེས་དོན་དག་བཤད་རྩིས་བྱས་ཡོད་པ་རེད། སྤྱིར་གནའ་ནས་ད་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་ང་ཚོས་འགྲིམ་འགྲུལ་ཉེན་རྟོག་པ་ལ་ཡར་ཞུ་མི་བྱེད་པར་དོན་དག་སྒེར་ངོས་ནས་ཐག་གཅོད་བྱས་ཏེ་ཤི་བོའི་ཚེ་སྲོག་སྒོར་མོར་བརྗེ་བའི་སྲོལ་ཞིག་དར་ཡོད་པ་འདི་མི་ལེགས་པར་སེམས། ས་འདི་ནས་ཨ་མྱེས་རྡོ་སྐྱབས་ཚང་གཅིག་པུར་འགྲིམ་འགྲུལ་དོན་རྐྱེན་གྱི་ཆག་སྒོ་ཐེངས་གཉིས་ལ་བྱུང་མྱོང་། ང་རང་ལོ་ན་བརྒྱད་དགུ་ཙམ་ཡིན་དུས་ཁོང་རྒན་རྒོན་གཉིས་ཀྱི་བུ་སྐལ་གཅིག་པུ་ཡང་རྫོང་ནས་ཟོང་སྐྱེལ་རླངས་འཁོར་ཞིག་གི་ནང་ལ་བུད་དེ་ཡུལ་ལ་ཡོང་བའི་ལམ་བར་ནས་རླངས་འཁོར་དགུ་ཆུ་རུ་ལྷུང་ནས་ཚེ་སྲོག་ཤོར་སོང་བ་རེད་ཟེར། འདི་ལྟར་ཁོ་མ་བུ་གཉིས་ཀ་འགྲིམ་འགྲུལ་དོན་རྐྱེན་གྱི་ཆག་སྒོ་ཁྲོད་ནས་གཅེས་སྲོག་ཤོར་སོང་། སྐབས་དེར་ཁ་ལོ་བ་དེ་དག་ལ་རླངས་འཁོར་བསྐོར་ཆོག་པའི་འཛིན་ཡིག་ཀྱང་ཡོད་མེད་མི་ཤེས་པ་རེད་དོ། །

གྱེར་ཀློག་པ། འཆི་མེད་སྒྲོལ་མ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993