ཕྱིར་ལོག་མེད་པའི་ཨ་ཕ།༼བསྡུས་རྩོམ།༽
2024.10.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

(མཚོ་སྔོན་དགེ་ཐོན་སློབ་ཆེན) ལྕགས་ཐར་རྒྱལ། 

གཡང་སྒྲོན་ཕྱི་རོལ་དུ་བརྒྱུགས་ནས་ཡང་ཡང་བལྟས་ནའང་། སྐྱ་ལམ་མེར་རང་ཁྱིམ་ལ་འཐེན་པའི་གཞུང་ལམ་དེ་སྔར་བཞིན་གཉིད་དུ་ཡུར་བ་ལྟར་ཁུ་སིམ་མེར་འདུག་ལ། སྟེང་དུ་ཕར་འགྲོ་ཚུར་འོང་མཁན་གྱི་མི་རྟ་གཅིག་ཀྱང་མཐོང་ལམ་དུ་མ་སྣང་། གཡུ་སྒྲོན་གྱི་སེམས་སུ། ད་ནི་ཨ་ཕ་ཡུལ་ལ་ལོག་རན་ཡིན་སྙམ་པའི་དགའ་སྣང་དང་། ད་དུང་ཁྱིམ་དུ་མ་ལོག་པའི་ངང་སྒུག་གིས་གོམ་ཆུང་གནས་གཅིག་ཏུ་འཇོག་ཐབས་བྲལ།

ངོ་མ། གཡུ་སྒྲོན་གྱིས་ཨ་ཕ་ཁྱིམ་ལ་ལོག་པའི་ཉིན་མོ་འདིར་བསྒུགས་ནས་ཡུན་རིང་ཞིག་འགོར་སོང་།

གཡུ་སྒྲོན་མཐོ་འབྲིང་འགྲིམ་པའི་ལོ་འདི་དག་གི་རིང་། ཡུལ་གྱི་ཟོག་གོང་ལྷུང་བ་དང་འགྲོ་སོང་ཇེ་མང་དུ་ཕྱིན་པ་སོགས་ཀྱིས་ཁྱིམ་གྱི་གནས་བབ་སྡུག་པ་བྱུང་ཞིང་། གཡུ་སྒྲོན་གྱི་ཨ་ཕ་ཡང་ཡུལ་གཞན་དུ་ཟོག་རྫི་ལ་མི་འགྲོ་ག་མེད་བྱུང་། དེ་བས། གཡུ་སྒྲོན་ཡར་སྐྱེལ་མར་ལེན་ལ་ཨ་ཕ་ཐེངས་གཅིག་ཀྱང་འགྲོ་མྱོང་མེད། དེ་ཡང་ཁག་མི་འདུག་སྟེ། གཅིག་ནས་ཡར་ལེན་མར་སྐྱེལ་གྱི་རླངས་འཁོར་མེེད་པ་དང་། གཉིས་སུ། “གཡག་སོ་བཞི་བྱིན་པའི་གླ་པ། ལས་རྒྱུ་མེད་རུང་ལངས་ནས་འདུག་དགོས”ཟེར་བ་མ་ཡིན་ནམ། གཞན་གྱི་གླ་པ་ཞིག་ལ། འདུག་ཚོགས་བསགས་དང་། འགྲོ་རང་དབང་གི་དབང་ཆ་གང་ན་ཡོད། ཡིན་ནའང་། ཨ་ཕ་ཡུལ་ཕ་གའི་ཟོག་རྫིར་སོང་བ་ནས། ཁྱིམ་ཚང་གི་འཁོས་ཀ་ཞན་པའི་གནས་བབ་ལ་འགྱུར་བ་ཐེབས་ཤིང་། ལོ་རེ་རེའི་ཡོང་འབབ་ཀྱིས་གཡུ་སྒྲོན་གྱི་སློབ་ཡོན་དང་འཚོ་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཐུབ་པའི་ཁར། ད་ལོར། གཡུ་སྒྲོན་གྱིས་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། ཡར་སྐྱེལ་མར་ལེན་གྱི་དོན་དེ་འཆར་ཅན་ནང་བཞིན་གཞན་ལ་རེ་ན་ངོ་སོ་མེད་པ་ཞིག་ཏུ་སྙམ་ནས། ཡུལ་ཕ་གའི་ཁྱིམ་མཚེས་ཚང་ནས་ལག་བརྒྱུད་རླངས་འཁོར་ཞིག་ཆད་ལ་བཞག

དོན་དེས། གཡུ་སྒྲོན་གྱི་ཕ་མ་གཉིས་ཀྱི་བར་ལ་འགལ་བ་མང་པོ་བྱུང་། མོས“ད་སྔ་ཁྱེད་ཀྱིས་རླངས་འཁོར་ལ་ཁ་ལོ་ཡག་པོ་ཞིག་བསྒྱུར་ཤེས་ཀི་མེད་པས། སྔོན་ལ་ལག་རྟགས་བླངས་རྗེས་རླངས་འཁོར་ཉོས་ནའང་འཕྱི་མི་འདུག”ཅེས་ཇི་ལྟར་བཤད་ནའང་། གཡུ་སྒྲོན་གྱི་ཨ་ཕས་གླང་རྒན་ཞིག་གི་ཨུ་ཚུགས་ཀྱིས་ཁོ་མོའི་སྐད་ཆ་རྣ་རྒྱབ་ཀྱི་རླུང་ལ་བསྐུར། “སྔོན་ལ་རླངས་འཁོར་ཉོ་དགོས། ལག་རྟགས་ཡུན་གྱིས་བླངས་ཆོག ང་ཚོའི་སྡེ་བའི་ནང་དུ་འདི་འདྲའི་ལག་རྟགས་མེད་མཁན་མང་པོ་ཡོད། སུ་ཞིག་གིས་རླངས་འཁོར་བསྐོར་ནས་དོན་རྐྱེན་བསླང་སོང་། ངས་བསྐོར་མི་ཤེས་ན་ཁྱོད་ཀྱིས་ཤེས་སམ”ཞེས་ཕར་ལ་གནས་ལུགས་ཡོད་པའི་ཟོལ་གྱིས་གཤེ་གཤེ་བཏང་། དེའི་རྗེས་ནས་གཡུ་སྒྲོན་གྱི་ཨ་མས་ཀྱང་བཀའ་འགོག་བྱེད་མ་ཕོད།

ཉིན་འགའི་སྔོན་ལ། ཨ་ཕས་ཡུལ་ཕ་གི་ནས་ཁ་པར་ཡོང་སྟེ། གཡུ་སྒྲོན་གྱིས་ད་ལོར་སློབ་ཆེན་ལ་རྒྱུགས་འཕྲོད་པས། ཁོ་ཁྱིམ་དུ་ལོག་ནས་ཡུལ་མི་ཁྱིམ་མཚེས་དག་དང་ལྷན་དུ་རྟེན་འབྲེལ་གྱི་དགའ་སྟོན་ཆུང་ཆུང་ཞིག་རོལ་འཆར་ཡིན་ལ། ཁྱེད་མ་བུ་གཉིས་ཀྱིས་སྒོ་ཕྱི་ཁྱིམ་ལ་གཙང་སྦྲ་ཡག་པོ་ཞིག་བྱོས། རྫོང་ཐོག་ནས་གཡུ་སྒྲོན་ལ་དགའ་བའི་དཔེ་སྒམ་དེ་ཉོས་རྗེས་ལམ་སང་ལོག་གི་ཡིན་ཞེས་སྐད་བཏང་། སྐབས་དེར། གཡུ་སྒྲོན་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། ལོ་ཕྱེད་ཙམ་ལ་ཨ་ཕ་དང་ངོ་འཕྲད་མེད། ཨ་ཕའི་རླངས་འཁོར་ཐེངས་གཅིག་ཀྱང་མཐོང་མྱོང་མེད་པས་མྱུར་དུ་སླེབས་ན་སྙམ་པའི་བྲེལ་འཚུབ་ཀྱིས་ལས་གང་བྱས་ཀྱང་དུས་ཚོད་རིང་པོ་འགོར་བའི་སྣང་བ་འགོག་མེད་དུ་སྐྱེས། འཁྲུལ་ཤེས་མིན་ན། དུས་ཚོད་སྐར་ཆ་གཅིག་དེའང་དཔྱིད་ཉིན་རིང་མོ་ཞིག་གི་རྗེས་སུ་འགྲོ། ས་རུབ་ལ་ཉེ། ཇི་ལྟར་བསྒུགས་ནའང་ཨ་ཕ་སླེབས་མ་སོང་། སྨག་ནག་གི་གྲིབ་མས་རྒྱང་རིང་གི་མཐོང་སྣེ་ཡུན་གྱིས་བསྒྲིབས་ཤིང་། གཡུ་སྒྲོན་གྱི་དཀར་ལ་གསལ་བའི་མིག་ཟུང་གི་རྒྱལ་མོའང་ཡང་ཡང་བསྒྲིབས། ཨ་ཕ་ད་དུང་ཕྱིར་མི་ལོག་དོན་ག་རེ་ཡིན་ནམ། གཡུ་སྒྲོན་གྱིས་དེ་ལྟར་སེམས་ཁྲལ་བྱེད་མགོ་བརྩམས། མཁའ་དབྱིངས་ན་ལམ་ལམ་འཚེར་བའི་སྐར་ཚོགས་ཀྱིས་མིག་ཟུང་གེམ་གེམ་ངང་གཡུ་སྒྲོན་དང་ལྷན་དུ་ཨ་ཕའི་ལོག་ཕེབས་ལ་འཚེས་ཡོད། སྐར་ཕྲན་ཁ་ཤས་གཡུ་སྒྲོན་གྱི་གོམ་ཟུང་ནང་བཞིན་སྡོད་མ་ཚུགས་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད།

དེ་ལྟར། ཨ་མས་ཁྱིམ་དུ་བསྒུགས། གཡུ་སྒྲོན་གྱིས་ཕྱི་རུ་བསྒུགས། སྒོ་ཕྱི་ཀུན་ཏུ་ངང་སྒུག་གིས་གཏམས། གློ་རྡེག་ལ། གཡུ་སྒྲོན་གྱི་ཨ་མའི་ཁ་པར་གྲགས་བྱུང་། ཧ་ཅང་ཆ་མེད་པའི་ངག་གིས། “ཁྱེད་ཀྱི་ཁྱོ་ག་རྫོང་མཁར་ལ་འགྲོ་བའི་ལམ་ཁར། སྟབས་མ་ལེགས་པར་རླངས་འཁོར་དོན་རྐྱེན་བྱུང་ནས་མ་འཚམས་ཐལ”ཞེས་བཤད་པའི་མོད་ལ། ཕར་ལ་ཚིག་གཅིག་ཀྱང་འདྲི་ལོང་མ་བྱུང་བར་ཁ་པར་གྱི་སྒོ་ཁྲོགས་སེ་གཏན། མོ་རང་དར་ཅིག་ཧད་དེ་ལུས། ཚམ་ཚོམ་མེད་པར་ཡིད་ལ་དྲན་འོང་བ་ནི། “ལག་རྟགས་བླངས་རྗེས་རླངས་འཁོར་ཉོས་ཆོག”ཅེས་ཁྱོ་གར་བཤད་པའི་སྐད་ཆ་དེ་ཡིན་ཞིང་། དེ་དུས། རླངས་འཁོར་ཉོ་བར་བཀའ་འགོག་མཐའ་སྐྱེལ་ཞིག་མ་བྱས་པའི་ཕངས་སེམས་དང་འགྱོད་གདུང་གིས་མཚན་མོ་ཞིག་གི་ལྷིང་འཇགས་དེ་ལྟར་དཀྲོགས། སྤྲོ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་ཚང་གི་དགོད་སྒྲའང་དེ་ལྟར་འཇགས།

དེ་ནས་བཟུང་། གཡུ་སྒྲོན་གྱི་ཨ་ཕ་ནི་ཡུལ་ཕ་གའི་ཟོག་རྫི་ནས་ཕྱིར་རང་ཡུལ་དུ་ལོག་ཐབས་བྲལ་བའི་རྒྱང་རིང་ཞིག་ཏུ་བཞུད།

གྱེར་ཀློག་པ། ཚེ་མགོན་རྒྱལ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993