(ཀན་ལྷོ) ཟམ་ཚའི་ཀླུ་འབུམ་ཚེ་རིང་།
ངའི་བློས་ཐུབ་ཀྱི་གྲོགས་པོ་དོན་གྲུབ་དང་ངེད་གཉིས་ནི་སློབ་ཆུང་ནས་སློབ་ཆེན་མཐར་ཕྱིན་རག་བར་དུ་འཛིན་གྲྭ་གཅིག་གི་སློབ་མ་ཡིན་པས། ཆུང་གྲོགས་དང་བློས་ཐུབ་གྲོགས་པོ། དམ་ཚིག་རྡོ་རྗེ་སྤུན་མཆེད་ཟེར་ན་འདི་ལས་ལྷག་པ་ཞིག་ས་སྟེང་ན་ཡོད་མི་སྲིད།
དེ་ལྟར། ལོ་ཟླ་ནི་རྨ་ཆུ་སྔོན་མོའི་བཞུར་རྒྱུན་དང་བསྡོངས་ནས་བསམ་དབང་དྲན་དབང་ཙམ་ཡང་མེད་པར་སློབ་ཆེན་གྱི་མི་ལོ་བཞི་ནི་སྐད་ཅིག་ཙམ་ལ་འདས་སོང་།
ཉིན་ཞིག་གི་ཞོགས་པར། ངའི་བློས་ཐུབ་ཀྱི་གྲོགས་པོ་དོན་གྲུབ་ཀྱིས་ང་ལ་ཁ་པར་བཏང་བྱུང་། “སང་ཉིན་ང་རང་སྟོད་ཉི་མ་ལྷ་སར་འགྲོ་རྒྱུ་ཡིན”ཞེས་ནམ་རྒྱུན་དང་མི་འདྲ་བའི་སྐད་གདངས་དམའ་མོས་ལབ་བྱུང་། ངའི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཤུགས་དྲག་གི་དགའ་སྐྱོ་འདྲེས་མའི་མཆི་མ་ཞིག་རང་དབང་མེད་པར་མིག་མཐར་འཁྱིལ་ཞོར། “ཁྱོད་ངོ་མ་མི་ལས་ཅན་ཞིག་རེད”ཅེས་བཤད་པ་ཡིན། འདི་ནི་གནམ་རྒན་མས་ངེད་གཉིས་ལ་གནང་བའི་ལས་དབང་མ་ཡིན་ནམ། ང་ལ་གྱེས་བྲལ་གྱི་གདུང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ནས་འཚོ་བ་ལ་སྤྲོ་སྣང་མེད་ཅིང་། བློས་ཐུབ་ཀྱི་གྲོགས་པོ་དང་ཁ་གྱེས་པའི་ན་ཟུག་དག་རང་དབང་མེད་པར་གཉོམ་དུང་དུང་གི་ཡ་ཆུང་གངས་དཀར་སེམས་ལ་སྲབ་ལས་ཤོར་བའི་རྟེའུ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱས་བྱུང་།
ཉིན་གསུམ་གྱི་རྗེས་སུ། ངའི་གྲོགས་པོ་དོན་གྲུབ་ཀྱིས་ང་ལ་ཁ་པར་བཏང་བྱུང་། “ང་དང་བཟའ་ཟླ་ངེད་གཉིས་བདེ་ལེགས་ངང་སྟོད་ཉི་མ་ལྷ་སར་འབྱོར་བྱུང་། ད་ནངས་སྔ་མོ་ནས་ལངས་ཏེ་ཇོ་མཇལ་བྱས་ཚར་སོང་། སྟོད་ཉི་མ་ལྷ་ས་ནི་སྔོན་ཆད་འུ་གཉིས་ཀྱིས་བྲིས་པའི་རྩོམ་ཡིག་དང་ཁ་བརྡ་ལས་དཔག་ཚད་དུ་མ་བརྒལ་འདུག
“དངོས་གནས་སྟོད་ཉི་མ་ལྷ་ས་ནི་ཁྱད་འཚར་གྱི་གནས་མཆོག་དང་མི་ཡུལ་གྱི་དག་ཞིང་རེད་ཅེས་བརྗོད་ཆོག་ཆོག་རེད”ཟེར་བཞིན་འཛུལ་དམུལ་དམུལ་གྱིས་ལབ་བྱུང་།
ངས་ཀྱང་ཁོ་ལ་བདེན་པའི་མགོ་བོ་ནང་དུ་བཀུག་ནས“འོ་ཡ། འོ་ཡ……”ཞེས་ལན་བཏབ་པ་ཡིན།
བྲེལ་བྲེལ་འཚུབ་འཚུབ་ཀྱི་ལོ་ཟླའི་ནང་དུ་དོན་གྲུབ་ཀྱིས་གློག་སྒུལ་འཕྲུལ་རྟར་ཞོན་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཟ་མ་སྐྱེལ་བཞིན་ཡོད། དེ་ལའང་གོ་རིམ་ཡོད་དེ་ཟ་མ་བསྐྱལ་ནས་དུས་ཚོད་སྐར་མ་གཅིག་ཙམ་འཕྱི་སོང་ཚེ་རིན་གོང་ཕྱེད་ཙམ་གཅོག་གིན་ཡོད་པས། དོན་གྲུབ་ཀྱིས་གཞུང་ལམ་གྱི་བཞི་མདོ་ནས་མདུན་ཐད་ཀྱི་གློག་དམར་ལ་ལྟ་ཞོར་ཁ་པར་ངོས་ཀྱི་ཟ་མ་སྐྱེལ་བའི་དུས་ཚོད་ལ་ལྟ་དུས་ཏག་ཏག་ཆུ་ཚོད་སྐར་མ་གསུམ་ལས་མི་འདུག
དེ་བས། ཁོ་རང་བྲེལ་འཚུབ་ལངས་ཏེ་གློག་དམར་ལ་མ་བལྟས་པར་མདུན་དུ་བརྒྱུགས། གློ་བུར་དུ་ཏུང་ཧྥུན་རྟགས་ཅན་གྱི་ཟོང་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་མདུན་གྱི་གློག་ལྗང་ལ་ལྟ་ཙམ་བྱེད་བཞིན་སྣུམ་སྒོ་ཇེ་ཆེར་བཏང་ནས་བརྒྱུགས་པ་ན། གློག་སྒུལ་འཕྲུལ་རྟ་སྐད་ཅིག་ཉིད་ལ་ཏུང་ཧྥུན་རྟགས་ཅན་གྱི་ཟོང་སྐྱེལ་རླངས་འཁོར་དང་གདོང་ཐུག་བརྒྱབ་ནས་རྐང་འོག་ནས་འབུ་གཅིར་བ་བཞིན་བསམ་དབང་དྲན་དབང་མེད་པར་ལྔ་ལམ་དུ་བརྫངས།
དེ་ནས་ཅུང་ཙམ་ཡང་མ་འགོར་བར་འགྲིམ་འགྲུལ་ཉེན་རྟོག་པས་རྩད་གཅོད་ཞིབ་འཇུག་བྱས་པ་ན་ངའི་འདང་ཆེ་བའི་གྲོགས་པོ་དོན་གྲུབ་རེད་ཟེར། གནས་ཚུལ་དེ་ཁོང་གི་བཟའ་ཟླས་མཐོང་མ་ཐག་སེམས་སྡུག་ལ་ཐུག་སྟེ་གནམ་ཨ་སྔོན་བོས་ཀྱང་ཨ་ལན་མེད་པ་དང་། ས་དོག་མོར་ཐོད་པ་གཏུགས་ཀྱང་ཕྱིར་ཡོང་མེད་པའི་ཁོ་རང་བསམ་བཞིན་སེམས་སྨྲེང་གིན་སྨྲེང་གིན་ངུ་ཤུམ་བྱེད་པ་ལས་ཁ་གཅིག་ཀྱང་གྲག་རྒྱུ་མ་བྱུང་། དེ་བས། གྲོང་དང་གྲོང་ཁྱེར་གྱི་བཞི་མདོའི་གློག་དམར་པོ་དང་ལྗང་ཁུ་ནི་འགྲིམ་འགྲུལ་ཁ་ལོ་བ་ཞིག་ལ་མཚོན་ན་ཚེ་སྲོག་ཡིན། ཚེ་སྲོག་ནི་རྙེད་ཐབས་བྲལ་བའི་རིན་ཆེན་ནོར་བུ་ཡིན་པས། རང་ཉིད་དང་ཁྱིམ་ཚང་། སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ཆེད་དུ་འགྲིམ་འགྲུལ་བདེ་འཇགས་ལ་གཟབ་གཟབ་གནང་རྒྱུ་ནི་ང་ཚོའི་འོས་འགན་ཉག་ཅིག་ཡིན།
གཏམ་ངན་དེ་བདག་གིས་ཐོས་མ་ཐག་ཏུ་སེམས་ལ་ཝ་ལེར་དྲན་པ་ནི།
“སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །
འདུས་པའི་གཉེན་གྲོགས་ཚོང་དུས་གྲོགས་པོ། །
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །
བསམས་ཤིང་བསམ་ན་སྙིང་བོ་མི་འདུག”ཅེས་པའི་ཚན་པ་འདི་ཡང་ཡང་སྐྱོར་དགོས་བྱུང་།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993