(མགོ་ལོག) བསོད་ནམས་སྟོབས།
གྲོགས་པོ་ཐུབ་བཀྲ་ལགས་ནི་རྫོང་མེ་གསོད་རུ་ཁག་གི་ལས་བྱེད་མི་སྣ་ཞིག་ཡིན་ལ། ཁོའི་ཟླ་རེའི་ངལ་གསོའི་དུས་ཡུན་ཐུང་ཐུང་དེར་ངེད་གཉིས་ལ་ལས་བྲེལ་ཅི་ཙམ་ཆེ་ཡང་། ཇ་སྐབས་རེའི་ཐུག་འཕྲད་ནི་ཧ་ལམ་ཡོད་སྲིད་པས། ཐུག་འཕྲད་དེ་ནི་ངེད་གཉིས་ཁོ་ན་ལ་དབང་ཞིང་འདང་བརྩེ་དམ་དུ་སྲུང་བའི་གཏམ་རྒྱུད་རེ་རེ་ཡིན། ཟླ་འདིར་ཡང་ཁོའི་ངལ་གསོའི་དུས་སྐབས་དང་བསྟུན་ཏེ་མཉམ་པོར་ཕྱི་རོལ་དུ་སྤྲོ་གསེང་ལ་ལན་གཅིག་འགྲོ་རྩིས་བྱས་མོད། ནམ་ཟླ་ཅུང་གྲང་བའི་རྐྱེན་པས་ཕྱི་རོལ་དུ་འགྲོ་མ་ཐུབ་པར་ཉིན་ཕྱེད་ཙམ་ལ་ཇ་ཁང་ཞིག་ཏུ་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན།
ཇ་ཁང་ནང་གི་རོལ་དབྱངས་སྙན་མོ་དེས་ནང་སེམས་ལ་ལྷིང་འཇགས་ཀྱི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཐུབ་པས། ངས་ཁ་པར་སྣོག་མཚམས་བསྐྱུར་ཏེ་སྙན་འཇེབ་ཀྱི་འགྱུར་ཁུགས་དེ་ལ་སེམས་ཀྱིས་རོལ་མྱོང་བྱས་ཤིང་། དུས་ཡུན་གང་མཚམས་འདས་པའི་བར་སྐབས་ཤིག་ལ་ཁོ་ན་རེ། “ང་ད་ཐེངས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་ལ་འགྲོ་དགོས་བྱུང་སོང”ཞེས་དབུགས་རིང་ཞིག་དང་ལྷན་དུ་ཟེར། ནམ་རྒྱུན། འགྲིམ་འགྲུལ་བདེ་འཇགས་དང་རླངས་འཁོར་སྐོར་གྱི་རྒྱུན་ཤེས་དག་བཤད་སྐབས། ཁོ་རང་ང་ལས་ལོ་ན་མཐོ་ཞིང་འཇིག་རྟེན་གྱི་མྱོང་བ་ཟབ་པའི་རྒན་པོ་ལོ་ལོན་ཞིག་དང་འདྲ་བོ་ཡོད་པས། ངས་ཅི་ཡིན་ནམ་སྙམ་ནས་ཁོ་ལ་ཨ་ལན་སྟེར་ཞོར་གཟབ་གཟབ་ཀྱིས་ཉན་པ་ན། “ཉིན་དེར་རུ་ཁག་ཏུ་དོན་རྐྱེན་དེའི་ཁ་པར་འབྱོར་འཕྲལ་ཁོ་ཚོ་མགྱོགས་མྱུར་ངང་མྱུར་སྐྱོབ་ཀྱི་ལམ་ལ་ཆས་ཤིང་། ཡུལ་དེར་ཐོན་ཙ་ན་རླངས་འཁོར་ཆུང་གྲས་གཉིས་ཀྱིས་གདོང་ཐུག་ཛ་དྲག་བྱས་ཡོད་དེ། ཕྱོགས་གཉིས་ཀའི་རླངས་འཁོར་གྱི་མདུན་ཕལ་ཆེར་ནང་དུ་གཅིར་ཏེ་ཡར་འགྱེལ་མར་འགྱེལ་དང་། བལྟས་ཚོད་ལ་དོན་རྐྱེན་ཁྲོད་ཀྱི་མི་དག་གི་ངོ་གདོང་ལ་རྨས་སྐྱོན་ཏོག་ཙམ་དང་རྐང་ལག་ནས་ཁྲག་འཛར་བ་ཙམ་མ་ཡིན་པས། མི་ཚོགས་ཀྱི་འཚང་ཁ་ལས་ཐབས་བརྒྱ་ཇུས་སྟོང་གིས་མྱུར་སྐྱོབ་ཀྱི་ལས་སུ་ཞུགས་ཁུལ་བྱས་མོད། མགོ་དང་བྲང་ཁའི་ལུས་སྟོད་ཡོངས་རྫོགས་ཁྲག་དམར་གྱིས་སྦགས་པའི་ཁ་ལོ་བ་ཞིག་རྐྱེན་ལམ་དུ་ཤོར་བའི་རྣམ་པ་དེ་དང་། བུད་མེད་བགྲེས་མོ་ཞིག་གིས་སྐད་གདངས་གསལ་ལ་མི་གསལ་བའི་ངང་ནས། “ངའི་བུ། ངའི་བུ……”ཞེས་པའི་ཉམ་ཐག་གི་སྐད་འབོད་དག་གིས་ཁོ་རང་ཡུན་ཙམ་ལ་བློང་བློང་པོར་བཏང་སོང”ཞེས་རྐྱེན་ངན་དེའི་དོན་རྣམས་འཕྲོ་རིམ་འཕྲོར་བྱས་ཏེ་བཤད་པས། ཇ་ཁང་ནང་གི་རོལ་དབྱངས་སྔར་བས་ཁུ་སིམ་སིམ་དུ་བཏང་སོང་ལ། ངའི་སྙིང་ཁམས་སུ་ཤ་འདར་པགས་འདར་གྱི་སེམས་ཚོར་ལྷག་མ་ཞིག་ཀྱང་བསྣན་བྱུང་།
སྤྱིར་ན་ཁོས་ང་ལ“རླངས་འཁོར་སྐོར་དུས་སྐྱོབ་ཐག་རྒྱོབས། ཁངས་དར་དུ་བགྲོད་སྐབས་དངོས་རྫས་འབོར་ཆེན་འདྲུད་པའི་རླངས་འཁོར་ཆེན་པོ་དག་གི་དཀྱིལ་དུ་མ་འདུག རླངས་འཁོར་སྐོར་ཡུན་རིང་དྲགས་ཚེ་ཨུ་ཚུགས་མི་བྱེད་པར་དུས་བསྟུན་ལྟར་ངལ་གསོ་དགོས”ཞེས་པའི་མྱོང་བ་མཐའ་དག་ཀྱང་། མདོར་དེད་ན་བྱ་བ་འདི་དང་ཉམས་མྱོང་འདི་འདྲ་བ་ལས་ཐོན་པའི་སེམས་དཀར་གྱི་སྐད་ཆ་ཤ་སྟག་ལོས་ཡིན་སྙམ།
ལྷག་པར་ང་ཚོའི་འབྲོག་ཕྱོགས་ཀྱི་མི་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དེ་ཙམ་དོ་སྣང་མེད་པས། གཞུང་ལམ་ནས་འགྲོ་འདུག་གང་བདེ་དང་གང་འདོད་དུ་སྒྲ་དུང་གཏོང་བ། སྐྱོབ་ཞྭ་མི་གྱོན་པ་དང་སྐྱོབ་ཐག་མི་སྒྲོག་པ། གློག་བརྡ་ལ་མི་ལྟ་བ། འཕྲུལ་ཆས་ལ་དུས་ལྟར་བདག་སྐྱོང་མི་བྱེད་པ། ཕྱོགས་སྟོན་གློག་བརྡ་མི་གཏོང་བ། རྒྱུན་མཐོང་གི་འགྲིམ་འགྲུལ་བརྡ་རྟགས་ལ་རྒྱུས་མངའ་བྲལ་བས་ན། གྲོགས་པོ་ཁོ་དང་ཁོ་ལྟ་བུའི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དམར་ཁྲིད་དང་། མྱོང་བ་དངོས་བཤད་ཀྱི་གཏམ་རྒྱུད་མང་པོ་ནི་དུས་ཀྱི་ཆར་དང་ཕན་པའི་ལས་སུ་འདུག་སྙམ།
དེ་བས། གྲོགས་པོ་ཐུབ་བཀྲ་ནི་ཕྱོགས་གཞན་ཞིག་ནས་བཤད་ན། ངའི་མི་ཚེའི་འགྲིམ་འགྲུལ་ཉེན་རྟོག་པ་བློ་དཀར་དེ་ཡིན་ལ། བདེ་འཇགས་ཤེས་བྱ་དྲིལ་སྒྲོག་པ་སེམས་དཀར་ཞིག་ཏུའང་བརྩི་ཆོག་ཆོག་ཡིན།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993