(མགོ་ལོག) རྟ་མགྲིན་མཚོ།
དེ་རིང་ཉི་འོད་ལམ་ལམ་ངང་ཁྱུང་མགོན་རི་བོའི་རྩེ་རུ་ཤར་འདུག་ལ། སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་འཕུར་བཞིན་པའི་ཐང་དཀར་རྒོད་ཚོགས་ཀྱང་གཤོག་པ་རྡེབ་བཞིན་ཆུ་རྨ་ཆུ་ལུ་མ་ལྷོད་ཀྱིས་བཞུར་ཞིང་གནས་གདན་སའི་ཆོས་སྒྲ་ལྷང་ལྷང་བྱེད་པ་ལ་ལྟད་མོ་ལྟ་བུའི་ཚུལ་གྱིས་ནམ་མཁའ་རུ་ལྡིང་སྐོར་རྒྱག་བཞིན་འདུག ངས་ཀྱང་འབྲི་མར་སེར་པོའི་ཁ་ཞག་དང་བཅས་པའི་འོ་ཇ་མངར་མོའི་མཆོད་ཁ་གསུམ་འཕངས་རྗེས་ང་ཚོས་ནངས་ཇ་འཐུངས་པ་ཡིན།
ཕུ་བོས་སྲུ་མོ་དང་ངེད་གཉིས་ལ་ད་ལོའི་ཁ་ལོ་བའི་ལག་ཁྱེར་གྱི་གསབ་སྦྱོང་འཛིན་གྲྭ་རུ་མིང་ཐོ་བཀོད་ཟིན་ཟེེར་བས། བོད་རྟེན་འབྲེལ་གྱི་བདག་པོ་ཟེར་བ་ལྟར་ངས་རྟེན་འབྲེལ་འགྲིག་སོང་སྙམ་ནས་དགའ་བ་འཕེལ་ལ་དེ་མ་ཐག་ཏུ་གསབ་སྦྱོང་ལ་འགྲོ་བར་ཁས་བླངས་པ་ཡིན། ལོ་སྐོར་གཉིས་ཀྱི་ཡར་སྔོན་དུ་ང་རང་བྱིས་པ་སྣབས་ལུག་ཅིག་ཡིན་ཡང་། སྐབས་དེར་བྱུང་བའི་དོན་དག་ནི་ད་ལྟ་ཡང་ང་ཡི་དྲན་པ་རུ་དེ་རིང་ཁ་སང་ནང་བཞིན་གསལ་ལྷང་ངེར་འདུག དེ་བས་འགྲིམ་འགྲུལ་བདེ་འཇགས་ཀྱིས་ང་ལ་ཚེ་འདི་ནས་མནོག་ཐབས་མེད་པའི་བསླབ་བྱ་ཟབ་མོ་ཞིག་བཞག་ཡོད་རྐྱེན། ད་ལྟའི་བར་དུ་ང་རང་རླངས་འཁོར་ལ་འདུག་རྒྱུ་ཤིན་ཏུ་སྐྲག་ཅིང་མི་དགའ་བའི་མི་ཚད་རླངས་འཁོར་ལ་ཡང་རབ་ཏུ་གནོད་མཁན་ཞིག་ཡིན། ཐེངས་གཉིས་ལ་རླངས་འཁོར་དོན་རྐྱེན་གྱི་ཆག་སྒོ་ལས་ཐར་བར་ང་རང་ལས་ཅན་དུ་བསམས་ཡོད་ལ། རང་ཉིད་ཀྱིས་རང་རྐྱ་ཐུབ་པའི་ངང་རླངས་འཁོར་བསྐོར་མི་ཐུབ་པ་དེ་ཡང་ལས་ངན་དུ་འདོད་ཡོད།
དེ་རིང་ཨ་ཕ་དང་ཕུ་བོ་གཉིས་ཀྱི་སྐུལ་འདེད་དང་རེ་བའི་ཁྲོད་ནས་ང་རང་རླངས་འཁོར་དང་ཉེ་བར་བཅར་བའི་ཉིན་ཞིག་དང་། ངས་རང་གི་ལག་ཟུང་ཐོག་མར་རླངས་འཁོར་གྱི་དཀྱོགས་འཁོར་ལ་ཁེལ་བའི་ཉིན་ཞིག་ཀྱང་ཡིན། ངས་དེང་ཐོག་ལམ་འགྲམ་གྱི་གཡས་གཡོན་ན་ཁེར་རྐྱང་གིས་འགྲེངས་པའི་ལམ་རྟགས་དག་ནི་དོན་མེད་ཅིག་ཡིན་བསམས་མོད། མ་གཞི་ནས་དེ་དག་ནི་མི་བུ་རེ་རེའི་ཚེ་སྲོག་དང་བདེ་འཇགས་ལ་འབྲེལ་བ་དམ་དུ་ཡོད་པའི་མཚོན་རིས་ཡིན་པ་ཧ་གོ་ལ། གཞི་ཟུར་གསུམ་ཡིན་པ་མང་ཤོས་ནི་གཟབ་དགོས་པའི་མཚོན་རྟགས་དང་། གཞི་ཀོར་ཀོར་ཡིན་པ་ནི་དཔངས་དང་གཏིང་མཚོན་ཚུལ་རེ་རེ་ཡིན་པས་ད་ལྟ་ནི་བློ་ལ་ཀ་ཁ་ངེས་པ་ལྟར་ཡོད་པས། མཚོན་རྟགས་རེ་རེ་ནི་ཚེ་སྲོག་གི་ཉེན་ཁར་སྔོན་འགོག་བྱེད་པའི་ལྟ་སྲུང་བ་རེ་རེ་དང་། མཚོན་རྟགས་རེ་ནི་བདེ་འཇགས་ལ་སྐུལ་མ་བྱེད་པའི་དྲིན་ཆེན་ཟུང་ལྟར་ས་ཚིགས་རེ་ན་དྲན་སྐུལ་ལ་རེམ་ཞིང་བདེ་འཇགས་ལ་གཟབ་ནས་དྲང་ཤར་ལེར་འདུག
མི་ལོ་བཅུ་ཕྲག་ཁ་ཤས་ལ་སློབ་གྲྭ་རུ་སོང་ནས་གློག་དམར་དང་གློག་ལྗང་མི་བགྲོད་འཕྲེད་ལམ་ཙམ་ལས་མ་ངེས་ཀྱང་། ད་ཐེངས་ཀྱི་གསབ་སྦྱོང་འདི་ལ་ཞུགས་ནས་འགྲིམ་འགྲུལ་བདེ་འཇགས་དང་ཚེ་སྲོག་གི་སྐར་ཆ་རེ་རེ་གློག་དམར་གློག་ལྗང་དང་འབྲེལ་བ་དམ་དུ་ཡོད་པ་ཤེས་ལ། ཕྱོགས་སྟོན་དང་ལམ་རྟགས་གློག་བརྡ་སོགས་ཀྱང་སེམས་ཀྱི་འཕར་སྒྲ་རེ་རེ་ཡི་ཚབ་མ་ལྟ་བུར་བྱ་དགོས་པའི་ངེས་ཤེས་སྐྱེས། ཐ་ན་རླངས་འཁོར་གྱི་སྐྱོབ་ཐག་དང་བདེ་འཇགས་དབུགས་ལྒང་བཅས་དངོས་པོ་འགའ་ཡིས་ཚེ་སྲོག་གི་རིན་ཐང་ལ་གཅེས་སྤྲས་དང་དང་དོད་ནུས་ཤུགས་གང་ལེགས་འདོན་བཞིན་ཡོད་པས། ང་ཚོ་མ་མཐའ་ཡང་སེམས་དང་ལྡན་པ་རིག་པ་ཡོད་པའི་མི་རུ་སྐྱེས་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་དགོངས་དོན་དང་བསྟུན་གང་ཐབས་བྱ་རྒྱུ་ནི་རང་རང་གི་ཚེ་སྲོག་ལ་བརྩི་འཇོག་བྱེད་སྟངས་དང་གཞན་གྱི་ཚེ་སྲོག་ལ་ཡང་བཀུར་བཟོ་བྱེད་སྟངས་ཤིག་ཅི་ལ་མིན།
དེ་རིང་སྔར་བཞིན་ཞོགས་པའི་ཉི་རྩེ་ཁྱུང་མགོན་བྲག་རྩ་ལ་བརྒྱབ་འདུག སྨིག་སྤྲིན་ལང་ལོང་ཞིག་དང་ལྷན་དུ་གནམ་སའི་མགོ་ལོག་ཏུ་རྒྱུགས་ལ་ཞུགས་ཏུ་ཡོང་བ་ཡིན། ལམ་བར་དུ་བསྟུད་མར་འཁྱོག་ལམ་དང་རི་འདབས་འཕྲང་ལམ་དལ་མོར་འགྲོ་དགོས་པའི་རྟགས། རྒྱལ་ཁབ་རིམ་པའི་གཞུང་ལམ་ཨང་རྟགས་ཀྱི་རྟགས་བཅས་ལམ་འགྲམ་དུ་བརྟན་ཞིང་བརླིང་ངེར་འགྱིང་ཡོད་པ་མཐོང་། དགོང་མོ་རང་ཁྱིམ་ལ་ལོག་ནས་ནང་མི་ཚོ་དང་མཉམ་དུ་དེ་རིང་གི་མཐོང་ཐོས་མྱོང་གསུམ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དགོད་སྒྲ་དང་ཧབ་ཆ་དར་དིར་ངང་ལབ་ཞོར་ནུབ་ཇ་ལ་རོལ་བ་ཡིན།
གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།
འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་གྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201
ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766 སྐད་འཕྲིན། 309058444
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 15597675771 སྐད་འཕྲིན། 610117993