སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན། མཚོ་སྔོན་གསར་བའི་གཟི་དཔལ་ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་གཡང་དཀར་ལུག་ཁྱུ་འཚོ་བ་གསར་པའི་རྒྱན་ཞེས་པར་ཉན་རོགས།
སྙན་སྒྲོན་པ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་རུ་ཁྱོན་སྡོམ་སྡེ་བ་བཅུ་དྲུག་ཡོད་པ་དང་། བོད་རིགས་མི་གྲངས་ཀྱིས་ཡུལ་ཚོ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་དགུ་ལྷག་ཟིན་འདུག ཡུལ་འདིར་འཚོ་ཞིང་གཞེས་པའི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ལག་གདང་མཉམ་དུ་སྦྲེལ་ནས། མི་རིགས་གཞན་གྱི་རིག་གནས་གསར་བ་ནང་འདྲེན་དང་རང་ཆས་སུ་མངའ་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བགྱིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས། རིགས་སོ་སོའི་སྤུན་ཟླ་མི་རིགས་དང་མཉམ་དུ་དུས་རབས་གསར་བའི་སྐྱོད་ལམ་གསར་བར་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་འདུག
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ས་གནས་སོ་སོར་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། བིས་མདོ་བོད་རིགས་ཡུལ་ཚོའི་ས་གནས་མང་ཚོགས་ཀྱིས་རང་གི་བློ་གྲོས་དང་རྩོལ་བར་བརྟེན་ནས། བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་ཐད་ལ་ཤ་ཐང་རུས་ཐང་གིས་འབད་འབུང་བྱེད་བཞིན་འདུག དེ་དང་བསྟུན་ནས་ཞུན་ཧྭ་རྫོང་ཏང་ཨུ་དང་སྲིད་གཞུང་། བིས་མདོ་བོད་རིགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་སྣ་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་སུ་བཟུང་ནས། ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་སྐོར་ཞིག་སྡེ་བ་སོ་སོར་དངོས་འབེབས་བྱས་ཏེ། དམངས་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ལ་འབད་བརྩོན་བྱས། གནས་ཚུལ་དེའི་སྐོར་ནས་བིས་མདོ་བོད་རིགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་མ་ཅིན་གྱིས་བཤད་རྒྱུར།
ཉེ་བའི་ལོ་འདི་དག་གི་རིང་ལ་བུས་མདོ་ཡུལ་ཚོ་ར་ལུང་པ་སྡེ་བས་གྲོང་གསེབ་དར་སྤེལ་སྐོར་གྱི་མ་དངུལ་དང་། ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོའི་རོགས་སྐྱོར་མ་དངུལ་བཀོལ་སྤྱོད་གང་ལེགས་བྱས་ནས། ཚོང་རྒྱག་སའི་ཁང་པ་ཉོ་བ་དང་གསོ་སྤེལ་དང་འདེབས་འཛུགས་སོགས་ཀྱི་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས། སྡེ་བ་ཡོངས་ཀྱི་མི་གྲངས་ལྔ་བརྒྱ་ལྷག་གི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱས་ཡོད།
སྙན་སྒྲོན་པ། བིས་མདོ་བོད་རིགས་ཡུལ་ཚོའི་ར་ལུང་བ་སྡེ་བར་མཚོན་ན། ཞིང་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་སྡེ་བ་དེ་ལ་ཐུན་མོང་དཔལ་འབྱོར་གྱི་ཡོང་ཁུངས་དཀོན་པའི་གནས་ཚུལ་དངོས་ལ་གཞིགས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཡོན་རྒན་པ། ལོ་ལོན་བསམ་ཤེས་བཅས་སྡེ་མི་མང་པོ་ཞིག་གིས་ཡང་ཡང་གྲོས་བསྡུར་བྱས་རྗེས་བློ་ཁ་གཅིག་ཏུ་ཕྱོགས་ཏེ། སྡེ་བའི་རྩྭ་སའི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞིགས་ནས། འབྲོག་ལུག་འཚོ་སྐྱོང་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་ཕྱོགས་ཤིག་གཏན་ལ་ཕབ་ནས་ལག་བསྟར་དོན་འཁྱོལ་བྱས། དེ་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་པའི་སྐོར་ནས་ར་ལུང་བ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར།
ང་ཚོ་ར་ལུང་བ་སྡེ་བ་འདི་ཞིང་ལས་གཉེར་བའི་སྡེ་བ་ཞིག་རེད། དེ་ཡིན་ན་གཞུང་ན་གཞུང་རྒྱུ་དེ་མོ་མེད་ཁུ དེའི་སྟབས་ཀྱིས་སྡེ་མི་རྣམས་ཀྱིས་གྲོས་བྱས་ནས་ཡོང་ན་ང་ཚོ་རྩྭ་ས་ཡོད་ཁུ དེ་ལྟར་ང་ཚོས་གྲོས་བྱས་ནས་ཡུལ་ཚོ་སྲིད་གཞུང་ལ་སོང་ནས་སྒོར་མོ་ཁྲི་ལྔ་བཅུའི་རོགས་དངུལ་རེ་ཞུ་བྱས་ནས་ལུག་ཉིས་བརྒྱ་ལྷག་ཅིག་ཉོསཔ་ཡིན། ལུག་ཉོས་ནས་ད་བར་དུ་ལོ་གསུམ་འགོར་ཡོད། ན་ནིང་ལུག་ཁྱུར་ལུ་གུ་ཉིས་བརྒྱ་ལྷག་བརྒྱབ་ནས་ལུག་དྲུག་བརྒྱ་ལྷག་ལ་བུད། ད་ལོར་མཚོན་ན་སྒོར་མོ་ཁྲི་བཅུ་དྲུག་གི་རིན་པའི་ལུག་བཙོང་ནས་སྒོར་མོ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁྲོད་དུ་བཞག་པ་ཡིན། དེ་བས་ལུག་འདིས་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་ཕན་ཐོགས་བཞིན་ཡོད།
སྙན་སྒྲོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་"མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་བསྟུན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པ་བྱེད་དགོས"ཞེས་གསུངས་པ་ལྟར། ར་ལུང་བ་སྡེ་བས་རང་གི་ས་གནས་ཀྱི་རྩྭ་སའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། འབྲོག་ལུག་གསོ་སྤེལ་གྱི་ཐོན་ལས་ཤིག་གཉེར་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན། ར་ལུང་བ་སྡེ་བས་རང་གི་འཚོ་བའི་རྟེན་གཞི་གཙོ་བོར་གྱུར་བའི་འབྲོག་ལུག་གསོ་སྤེལ་གྱི་ཐོན་ལས་དེ་གཉེར་བ་ནས་བཟུང་། དེ་ལ་སེམས་ཞིབ་མོས་དོ་དམ་དང་གཉེར་སྐྱོང་བྱེད་བཞིན་ཡོད་དེ། འབྲོག་ལུག་གསོ་སྤེལ་བྱེད་པའི་བརྒྱུད་རིམ་དང་དགེ་མཚན་སྐོར་གླེང་སྐབས་སྡེ་མི་འབྲུག་རྒྱལ་གྱིས་འདི་ལྟར་བཤད།
ང་ཡིན་ན་སྡེ་བའི་ལུག་ལ་བདག་བྱེད་མཁན་ཡིན། ངས་དུས་རྒྱུན་དུ་ལུག་ལ་ཁབ་ཇི་ལྟར་རྒྱག་པ་དང་སྨན་ཇི་ལྟར་ལྡུད་པ། ལུག་ཇི་ལྟར་གསོས་ན་བཟང་བ་སོགས་ལ་ལྟ་རྟོག་བྱེད་བཞིན་ཡོད། དུས་ཚིགས་མི་འདྲ་བར་ཕོ་ཟོག་དང་མོ་ཟོག་སོ་སོར་བཀར་ནས་འཚོ་སྐྱོང་བྱས་ན་ལུག་གི་འཕེལ་ཁ་དར་བར་ཕན་པ་ཡོད།
སྙན་སྒྲོན་པ། ར་ལུང་བ་སྡེ་བས་འབྲོག་ལུག་གསོ་སྤེལ་གྱི་ཐོན་ལས་དེ་གཉེར་ནས་དུས་ཡུན་རིང་པོ་ཞིག་འགོར་མེད་ཀྱང་། སྡེ་བ་དེའི་རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཕྱུགས་རྫི་རྣམས་ཀྱིས་འཚོ་སྐྱོང་ཡག་པོ་བྱས་པར་བརྟེན། དང་ཐོག་ལུག་ཉིས་བརྒྱ་ཙམ་ལས་མེད་པའི་ལུག་ཁྱུ་དེ་ད་ལྟ་ལུག་བརྒྱད་བརྒྱ་ལྷག་ཙམ་ཡོད་པའི་ལུག་ཁྱུ་ཆེན་པོ་ཞིག་ཏུ་གྱུར་ཡོད། ལུག་ཁྱུ་དེ་འཚོ་སྐྱོང་བྱེད་མཁན་གྱི་ལུག་རྫི་མཁའ་མོ་སྐྱིད་ནི་ལུག་འཚོ་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་འབྲོག་མོ་ཞིག་རེད། དེ་བས་ར་ལུང་བ་སྡེ་བས་ཆེད་དུ་ཁོ་མོ་ཕྱི་ནས་ལུག་རྫིར་གླས་པ་ཞིག་ཡིན་ཞིང་། མོས་ཀྱང་ར་ལུང་བ་སྡེ་བའི་ལུག་འཚོ་སྐྱོང་བྱས་པར་བརྟེན་ནས་ལོ་གཅིག་ལ་ཡོང་འབབ་མི་ཉུང་བ་ཞིག་ལེན་ཐུབ་ཀྱི་ཡོད།
ངེད་ཚང་སྡེ་བ་འདི་ནས་ལུག་རྫི་བྱས་ནས་ལོ་གཉིས་ལྷག་འགོར་སོང་། ལུག་རྫི་བྱས་ནས་ལོ་གཅིག་ལ་སྒོར་མོ་ཁྲི་དྲུག་ལྷག་སྟེར་བཞིན་ཡོད། དེ་ལས་གཞན་ཕྱེ་དང་གཡིས་སོགས་ཀྱང་སྟེར་བཞིན་ཡོད་པས་ངེད་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད།
སྙན་སྒྲོན་པ། ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་མི་དམངས་མང་ཚོགས་ཀྱི་འཚོ་བའི་བདེ་རྩར་ཐུག་པའི་གནད་དོན་མང་པོ་ཞིག་དངོས་སུ་ཐག་གཅོད་གང་ལེགས་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་འཚོ་བ་གསར་པ་གསར་སྐྲུན་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་པས། ད་ལྟ་ར་ལུང་བ་སྡེ་བའི་སྡེ་མི་རྣམས་ཀྱང་མཛེས་སྡུག་བདེ་སྐྱིད་འཚོ་བའི་བཞུད་ལམ་དུ་ཡིད་ཆེས་དང་སྤོབས་པས་སྐྱོད་བཞིན་འདུག
སྙན་སྒྲོན་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་གཡང་དཀར་ལུག་ཁྱུ་འཚོ་བ་གསར་པའི་རྒྱན་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།