ཉ་གཤོང་སྡེ་བ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་ལམ་དུ་བསྐྱོད།
ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན། མཚོ་སྔོན་གསར་བའི་གཟི་དཔལ་ཞེས་པའི་བཅར་འདྲིའི་ཚན་ཆུང་ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་དང་མཉམ་དུ་ཉ་གཤོང་སྡེ་བར་ཐོན་པ་ན། སྡེ་འདབས་སུ་ཆུ་ཕྲན་ཆུང་ཆུང་ཞིག་ལྷུང་ལྷུང་སྙན་པའི་སྒྲ་དང་བཅས་ཏེ་རྒྱང་ལ་འབབ་ཅིང་། ཆུ་འགྲམ་གྱི་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་སོགས་མཛེས་སྡུག་ལྡན་པའི་རང་བྱུང་གི་ཁོར་ཡུག་དེས་མི་རྣམས་ལ་དགའ་བདེའི་སྣང་བ་ཞིག་དབང་མེད་དུ་འཕེལ་བར་བྱེད། རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་དེ་ནི་གཙོ་བོ་ཞིང་ལས་ལ་བརྟེན་ཞིང་ཕྱུགས་ལས་ཀྱང་ཞོར་དུ་གཉེར་བའི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་པ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་ཞིག་ཀྱང་རེད། སྡེ་བ་དེའི་རང་བྱུང་གི་ཡུལ་ལྗོངས་མིག་ལ་མཛེས་ཤིང་འཛུགས་སྐྲུན་གྱི་བཀོད་པ་ཆ་ཚང་བ། དམངས་སྲོལ་དང་སྡེ་སྲོལ་ལེགས་པ་བཅས་ཀྱིས། སྤྱི་ལོ2016ལོར་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་གྲས་སུ་ཚུད་འདུག ཉེ་བའི་ལོ་འགའི་རིང་ལ། བིས་མདོ་བོད་རིགས་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་བྱེད་པའི་ཁྲོད་དུ། ཐོན་ལས་ལ་བརྟེན་ནས་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་ནུས་ལྡན་བྱས། དེའི་སྐོར་ནས་བིས་མདོ་བོད་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་མཱ་ཅིན་གྱིས་བཤད་རྒྱུར།
ཉེ་བའི་ལོ་ཤས་རིང་བིས་མདོ་ཡུལ་ཚོ་ཉ་གཤོང་སྡེ་བས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་དང་དམ་པོར་སྦྲེལ་ཏེ། སྡེ་བའི་གནས་ཚུལ་དང་དམངས་འདོད་ལ་གཞི་ཚུགས་པ་དང་ཐོན་ཁུངས་སྣ་ཚོགས་ཀྱི་ལེགས་ཆར་བརྟེན་ནས་བོད་ལུགས་ཀྱི་ཡུལ་སྐོར་གླིང་དང་། ཟས་སྣུམ་ལས་སྣོན་བཟོ་གྲྭ གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སོགས་སྡེ་བའི་ཐུན་མོང་རྣམ་གྲངས་བཏོད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཐོན་ལས་དར་སྤེལ་བྱེད་པ་ནི་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པའི་རྨང་གཞི་དང་གནད་འགག་རེད། ཉ་གཤོང་སྡེ་བས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག ཐུན་མོང་མ་ཡིན་པའི་ས་གཤིས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལེགས་ཆར་བསྒྱུར་ནས། སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད། དེའི་སྐོར་ནས་ཉ་གཤོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་རྒྱལ་གྱིས་བཤད་རྒྱུར།
ང་ཚོ་ཉ་གཤོང་སྡེ་བས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོར་བརྟེན་ནས་ཚ་བོ་ཆེ་སྤྲོད་སྐྱིད་གླིང་ཀ་ཕྱེས་ཡོད་པ་དང་། དབྱར་དུས་ཡུལ་སྐོར་པ་མང་ཞིང་ཡོང་འབབ་ཀྱང་ཧ་ཅང་བཟང་གི སྡེ་འདབས་ན་སྣུམ་བཙག་ཁང་དང་རྩམ་པ་འཐག་ས་སོགས་བཙུགས་ཡོད་པ་དེས་སྡེ་མི་ཡོངས་ལ་སྟབས་བདེ་མང་པོ་བསྐྲུན་ཡོད། ད་རུང་ཞིང་རྨོ་འཕྲུལ་ཆས་སོགས་ཡོད་པ་དེ་དག་ཀྱང་སྡེ་མི་རྣམས་ཀྱིས་གླ་ཉུང་ཙམ་བྱིན་ནས་བཀོལ་ཆོག ད་ལོར་མཚོན་ན་ཡང་ལུག་བརྒྱ་དང་བཞི་ཅུ་ལྷག་ཉོས་ཡོད་ལ། ལུ་གུ་བདུན་ཅུ་ལྷག་གི་ཁེ་སྤོགས་ཡོད་པས་རྗེས་ཕྱོགས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཡོད།
2021ལོར། ཉ་གཤོང་སྡེ་བས་ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་སྒོར་མོ་འབུམ་ལྔ་ལ་བརྟེན་ནས། སྡེ་འདབས་སུ་ཚ་བོ་ཆེ་ཞིང་ལས་སྤྲོ་སྐྱིད་གླིང་ཞེས་པ་ཞིག་དངོས་སུ་སྒོ་ཕྱེས་པ་དང་། དེ་རུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་གུར་ཕུབ་སྟེ། བཟའ་བཏུང་དང་སྤྲོ་གསེང་། ལྟད་མོ། རྩེད་འཇོ་བཅས་གཞི་གཅིག་ཏུ་འདྲེས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་ས་ཡག་པོ་ཞིག་བསྐྲུན། སྡེ་བ་དེའི་ས་གཤིས་ལེགས་པོ་དང་དྲོད་འཇམ་གྱི་ནམ་ཟླའི་ཆ་རྐྱེན་ལ་བརྟེན་ནས། དབྱར་དུས་སུ་ཕྱོགས་སོ་སོའི་ཡུལ་སྐོར་པ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་གནས་དེར་འདུས་ནས་སྤྲོ་གསེང་གཏོང་བཞིན་ཡོད། དེ་ལས་ཉ་གཤོང་སྡེ་བའི་ཡོང་སྒོའི་ཐད་ལའང་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་བྱུང་ཞིང་། ད་ལྟ་སྡེ་བའི་ནང་དུ་སྣུམ་བཙག་ཁང་ཞིག་དང་རྩམ་པ་འཐག་ས་ཞིག་ཀྱང་གསར་དུ་བཙུགས་ཡོད་པས་ཉ་གཤོང་སྡེ་བར་ཡང་བསྐྱར་ཡོང་སྒོ་གསར་པ་ཞིག་གི་སྒོ་མོ་ཕྱེས་པར་མ་ཟད། སྡེ་མི་རྣམས་ལ་མཚོན་ན་ཡང་སྟབས་བདེ་ཡང་གང་ལེགས་བསྐྲུན་ཡོད།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།