"མཉམ་འདེབས་མཉམ་ཕྱུག"གི་ལམ་དུ་བསྐྱོད་པའི་ཏིག་རྒྱ་སྡེ་བ།
2024.05.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

                 མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ནང་སྟོད་གྲོང་རྡལ་ཏིག་རྒྱ་སྡེ་བ"མཉམ་འདེབས་མཉམ་ཕྱུག"ལམ་དུ་བསྐྱོད།           

མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ནང་སྟོད་གྲོང་རྡལ་ཏིག་རྒྱ་སྡེ་བ་ནི་ཁྱིམ་ཚང་སུམ་བརྒྱ་ལྷག་གིས་གྲུབ་ཅིང་།    རྒྱ་བོད་མི་རིགས་གཉིས་ཀྱིས་གྲུབ་པའི་སྡེ་བ་ཞིག་རེད། གནའ་ནས་ད་ལྟའི་བར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། སྡེ་བ་དེ་རུ་རྒྱ་བོད་སྤུན་ཟླ་གཅིག་ལ་གཅིག་བརྟེན་གྱིས་མཛའ་འབྲེལ་གསེར་གྱི་ཐག་པ་རིང་དུ་བརྐྱངས་ནས་འོངས། ཏིག་རྒྱ་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་མཐོར་འདེགས་ཆེན་པོ་འབྱུང་ཕྱིར། ལོ་འདི་དག་གི་རིང་ལ་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་རོགས་རམ་དང་སྣེ་ཁྲིད་ཆེན་པོ་བྱས་ཏེ། སྡེ་བ་དེ་ལ་ཀྲུང་དབྱང་གི་མ་དངུལ་སྒོར་མོ་ས་ཡ་གཅིག་བརྩོན་ལེན་བྱས་ནས་དམངས་ཕན་སྲིད་ཇུས་སྐོར་ཞིག་ལག་བསྟར་དང་དངོས་འབེབས་བྱས། ད་ལོར་ཡང་དཔའ་ལུང་རྫོང་གིས་ཞིང་ལས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་གཏོང་ཆེད། སྡེ་བ་དེའི་ས་ཞིང་གི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་དགེ་མཚན་ལ་གཞིགས་ཏེ། རྨོ་འདེབས་འཕྲུལ་ཆས་བཅུ་དང་ནས་ཀྱི་ས་བོན་རྒྱ་མ་ཁྲི་བདུན་དང་སྟོང་དྲུག་རིན་མེད་དུ་བྱིན་ནས། ཏིག་རྒྱ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་གསོན་ཤུགས་གསར་བ་རྒྱས་པར་འབད་བརྩོན་བྱེད་བཞིན་འདུག གནས་ཚུལ་དེའི་སྐོར་ནས་ནང་སྟོད་གྲོང་རྡལ་མི་དམངས་སྲིད་གཞུང་གི་མགོ་གཙོ་ཧན་ཞིག་མེ་ཡིས་གསར་འགོད་པར་འདི་ལྟར་བཤད།

ནང་སྟོད་གྲོང་རྡལ་ཏིག་རྒྱ་སྡེ་བས་སྡེ་བ་དང་ཁྱིམ་ཚང་མཉམ་འབྲེལ་གྱི་མཉམ་སྡེབ་གཉེར་སྐྱོང་དང་ཁེ་ཕན་མཉམ་སྤྱོད་ཀྱི་འདེབས་འཛུགས་བྱེད་སྟངས་སྤྱད་དེ་ས་ཞིང་མུའུ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་ལ་གཅིག་གྱུར་གཉེར་སྐྱོང་བྱ་རྩིས་ཡོད། “མཉམ་འདེབས་མཉམ་ཕྱུག་”གི་དགེ་མཚན་ལ་བརྟེན་ནས་ནས་ཀྱི་རིན་ཐང་སྔར་ལས་སྔོག་འདོན་དང་། “ལྗང་མདོག་འདེབས་འཛུགས་དང་ལས་སྣོན་གཏིང་ཟབ། ཕྱིར་ཚོང་”གི་ཐོན་ལས་སྦྲེལ་ཐག་འཐུས་ཚང་ཞིག་བཙུགས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

ཏིག་རྒྱ་སྡེ་བར་མཚོན་ན་ལོ་འདི་དག་གི་རིང་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་རྣམས་ཀྱིས་རང་ནུས་རྩལ་དུ་བཏོན་ཏེ། ས་གནས་ཀྱི་ནས་ནག་ཐོན་ཁུངས་ལ་བརྟེན་པའི་ཆང་བཙག་ཁང་དང་དྲི་ཞིམ་ནས་ནག་རྩམ་འཐག་ཁང་སོགས་བསྟུད་མར་ཕྱེས་པས་སྡེ་བའི་ཡོང་འབབ་ཐད་ཕན་འབྲས་མི་དམན་པ་ཐོབ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས་བཏོན་པའི་ཞིང་པ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ན་ཞིང་ལས་དམ་འཛིན་བྱེད་དགོས་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཆེད། ད་ལོར་ཡང་ཏིག་རྒྱ་སྡེ་བས་རང་སའི་ཐུན་མོང་མ་ཡིན་པའི་ས་ཞིང་གི་དགེ་མཚན་ལ་བརྟེན་ནས། སྡེ་མི་ཚང་མའི་སྣེ་ཁྲིད་དེ་མཉམ་དུ་ཞིང་བཏབ་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་སྣོན་འབྱུང་བར་སྐུལ་སློང་བྱས་ཏེ། ད་ལོའི་སྟོན་མཇུག་གི་ལོ་ལེགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་ལེགས་སྐྱེས་འབུལ་བའི་ལས་ལ་བྲེལ་བཞིན་འདུག དེའི་སྐོར་ནས་ནང་སྟོད་གྲོང་རྡལ་ཏིག་རྒྱ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མགོན་པོས་བཤད་རྒྱུར།

ང་ཚོ་སྡེ་བར་ནས་ཆང་ཀུང་ཟི་དང་རྩམ་འཐག་ཁང་སོགས་ཡོད་ལ། ད་ལོར་མང་ཚོགས་ཀྱི་ས་ཞིང་གཞུང་ལ་བཞག སྲིད་གཞུང་གིས་འཕྲུལ་ཆས་དང་ས་བོན་སོགས་བྱིན་ནས་ས་མུའུ་སུམ་སྟོང་བརྒྱད་བརྒྱ་ལ་ནས་འདེབས་བཞིན་ཡོད། ལོ་མཇུག་གི་ཡོང་སྒོའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ཁྱིམ་ཚང་སྒེར་ལ་སྟེར་བ་དང་བརྒྱ་ཆའི་ཉི་ཤུ་སྡེ་བ་གཞུང་ལ་བླངས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་སྤེལ་གཏོང་ཆེད་ང་ཚོས་མཉམ་དུ་འབད་བརྩོན་བྱེད་བཞིན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཏིག་རྒྱ་སྡེ་བའི་ཁྱིམ་ཚང་ཡོད་ཚད་ཀྱིས་རང་གི་ཞིང་ས་ལས་འོས་འཚམ་རེ་སྡེ་བ་གཞུང་གི་ཐུན་མོང་མ་རྐང་དུ་བཞག་སྟེ། ད་ལོའི་ལོ་མཇུག་ཏུ་ཁེ་སྤོགས་ཆེན་པོ་ལེན་ཐུབ་པའི་ཐད་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག དེའི་སྐོར་ནས་ཏིག་རྒྱ་སྡེ་བའི་སྡེ་མི་ངག་དབང་གིས་སྤྲོ་སྣང་དང་བཅས་ཏེ་འདི་ལྟར་བཤད།

ངེད་ཚང་ལ་ས་ཞིང་མུའུ་བཅོ་ལྔ་ཙམ་ཡོད་ལས་མུའུ་བརྒྱད་ལྷག་ད་ལོར་མཉམ་ལས་ཁང་དུ་བཞག་ཡོད། སྟོན་ཁར་ལོ་ལེགས་ལེན་ཐུབ་པར་ཡིད་ཆེས་ཡོད།

                                                                                      གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།