སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་ ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན། མཚོ་སྔོན་གསར་བའི་གཟི་དཔལ་ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་བོན་རྒྱ་སྡེ་བ་ཞོག་ཁོག་འདེབས་པའི་དཔེ་སྟོན་ལམ་དུ་སྐྱོད་ཅེས་པར་ཉན་རོགས།
སྙན་སྒྲོན་པ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གཤོང་ཤན་ཡུལ་ཚོ་ནི། ཤར་ཙོང་ཁའི་སྐྱེས་རིའི་འདབས་རོལ་ཏུ་ཆགས་ཡོད་པ་དང་། ཡུལ་ཚོ་དེར་སྡེ་བ་ཉེར་བཞི་ཡོད་ལ་སྡེ་བ་དེ་དག་གིས་ཞིང་ལས་གཙོར་བཟུང་སྟེ་ཕྱུགས་ལས་ཀྱང་འོས་འཚམ་རེ་གཉེར་བཞིན་ཡོད་པ་རེད། ས་ཆ་དེའི་ཞིང་སའི་རྒྱ་ཁྱོན་ལྟོས་བཅས་ཀྱིས་ཅུང་ཆེ་ནའང་ས་བབ་ཀྱི་དབང་གིས་ས་ཞིང་མང་ཆེ་བ་རི་མར་གཏོགས། ཁོ་ཚོས་གནའ་སྔ་མོ་ཞིག་ནས་བཟུང་ཆར་ཆུ་ལ་བརྟེན་ནས་ཞིང་འདེབས་ཀྱི་ཡོད། དེ་བས་འབབ་ཞོད་ཞན་པའི་དུས་སུ་སྡེ་བ་དེ་དག་གི་འབྲུ་རིགས་ལའང་དེ་བཞིན་དུ་ལོ་ལེགས་འབྱུང་ཐུབ་ཀྱི་མེད། རྒྱུ་རྐྱེན་དེ་དག་གི་དབང་གིས་རིམ་བཞིན་ཞིང་འདེབས་མཁན་ཇེ་ཉུང་དུ་གྱུར་བས་ས་ཞིང་མང་པོ་ཞིག་ཀྱང་ཐང་རྒོད་དུ་འགྱུར་མགོ་བརྩམས།
ཉེ་བའི་ལོ་ཤས་རིང་། དཔའ་ལུང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ས་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་ཞིབ་འཇུག་དང་གྲོས་བསྡུར་ཡང་ཡང་བྱས་མཐར། གཤོང་ཤན་ཡུལ་ཚོའི་ས་བབ་དང་ས་གཤིས། གནམ་གཤིས་གང་གི་ཆ་ནས་ཀྱང་ཞོག་ཁོག་བཏབ་ན་ཤིན་ཏུ་འཕྲོད་པར་དམིགས་ནས། གཤོང་ཤན་ཡུལ་ཚོའི་སྡེ་བ་མང་ཆེ་ཤོས་ཤིག་སྲོལ་རྒྱུན་གྱི་ཞིང་ལས་གཉེར་སྟངས་ལས་བརྒལ་ནས་ཚན་རིག་ལྟར་ཞོག་ཁོག་འདེབས་པའི་ལམ་དུ་ཞུགས་པར་སྐུལ་སློང་བྱས། བསྟུད་མར་ལོ་འགར་ཞོག་ཁོག་བཏབ་པར་བརྟེན་ནས་ས་གནས་མང་ཚོགས་ཀྱི་ཡོང་སྒོའི་ཐད་འཕར་སྣོན་ཆེན་པོ་བྱུང་། གཤོང་ཤན་ཡུལ་ཚོའི་སྡེ་བ་དེ་དག་ལས་བོན་རྒྱ་སྡེ་བའི་ཞོག་ཁོག་གི་ཐོན་ཚད་དེ་ལོ་རེ་བཞིན་སྡེ་བ་གཞན་དག་ལས་མཐོ་བས། ད་ལོར་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡང་བསྐྱར་ཞོག་ཁོག་འདེབས་པའི་ཐད་ལ་མ་དངུལ་འབོར་ཆེན་བཏང་བ་དང་། གཤོང་ཤན་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་ནས། བོན་རྒྱ་སྡེ་བ་དེ་ཡུལ་ཚོ་ཡོངས་སུ་ཞོག་ཁོག་འདེབས་པའི་དཔེ་སྟོན་རྟེན་གཞི་ལེགས་ཤོས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་འདུག དེའི་སྐོར་ནས་གཤོང་ཤན་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བདེ་སྐྱིད་ཀྱིས་འདི་ལྟར་བཤད།
ད་ལོར་རྫོང་རིམ་པ་ནས་ཞིང་ལས་ཐད་ལ་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཅིག་བྱིན་ཡོད་པས།ང་ཚོས་གཙོ་བོ་བོན་རྒྱ་སྡེ་བ་ནས་གཞི་རྒྱ་ཆེན་པོས་ཞོག་ཁོག་འདེབས་བཞིན་ཡོད།ཡུལ་ཚོ་སྲིད་གཞུང་གིས་བཀོད་སྒྲིག་དང་ལག་རྩལ་གསབ་སྦྱོང་།རོགས་སྐྱོར།སྣེ་ཁྲིད་སོགས་བྱས་ཏེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་བཞིན་ཡོད།ན་ནིང་ཞོག་ཁོག་བཏབ་པར་ཡོང་སྒོ་ཤིན་ཏུ་བཟང་བས།ད་ལོར་ཡུལ་ཚོ་ཡོངས་ནས་སྡེ་བ་བཅུ་བདུན་ཙམ་ལ་ཞོག་ཁོག་འདེབས་བཞིན་ཡོད་པ་དང་།ཡོང་སྒོ་ལོ་སྔོན་མ་ལས་ཀྱང་ཇེ་བཟང་དུ་འགྲོ་བར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད།
སྙན་སྒྲོན་པ། ཚན་རིག་ལྟར་ཞོག་ཁོག་འདེབས་པའི་ལམ་དུ་ཞུགས་དགོས་ན། ས་བོན་གྱི་རིགས་ཇི་ལྟར་འདེམ་སྤྱོད་བྱེད་ཚུལ་དང་ལུད་རྫས་ཀྱི་མང་ཉུང་དང་རིགས་གང་ཞིག་འཇོག་དགོས་པ། ཉེར་སྤྱོད་ལག་ཆ་སྣ་ཚོགས་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་ཚུལ་སོགས་གསལ་བོར་ཤེས་རྒྱུ་དེ། དུས་ཡུན་རིང་བོར་སྲོལ་རྒྱུན་གྱི་ཞིང་ལས་གཉེར་ཡོང་བའི་སྡེ་མི་རྣམས་ལ་མཚོན་ན་ཅུང་དཀའ་བའི་ལས་ཤིག་རེད། དེ་བས་གཤོང་ཤན་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དུ་དེའི་སྐོར་གྱི་གསོ་སྦྱོང་བྱ་བའི་རུ་ཁག་རྩ་འཛུགས་བྱས་པ་དང་། ལག་རྩལ་ཤེས་ལྡན་མི་སྣ་གདན་དྲངས་ནས། སྡེ་བ་སོ་སོའི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ། སྡེ་མི་རྣམས་ལ་ཇི་ལྟར་ཁྲིད་སྟོན་དང་གསོ་སྦྱོང་བྱས་པའི་སྐོར་ནས་གཤོང་ཤན་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར།
ཉེ་བའི་ལོ་ཤས་རིང་ང་ཚོ་ཡུལ་ཚོ་སྲིད་གཞུང་གིས་མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་སོགས་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་མང་པོ་བྱས་ཡོད།ཞིང་འདེབས་པའི་ཕྱོགས་ལ་འཕྲུལ་ཆས་དང་ས་བོན།འགྱིག་ཤོག་སོགས་བྱིན་པར་མ་ཟད།ཞིང་ཆེན་ནས་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་རྨོ་འདེབས་ཤེས་བྱ་སློབ་སྦྱོང་བྱས་པ་དང་།རྗེས་སུ་ང་ཚོ་སྡེ་བའི་ནང་དུ་སོང་ནས་ས་བོན་བདམས་པ་དང་ས་བོན་གྱི་ཁྱད་པར་སོགས་ཐད་ཀྱི་ཤེས་བྱའི་སྐོར་ནས་ཞིང་པ་མང་ཚོགས་ལ་གསོ་སྦྱོང་བྱས་པ་ཡིན།
སྙན་སྒྲོན་པ། ཁྱིམ་ཚང་བརྒྱ་ལྷག་གིས་གྲུབ་པའི་བོན་རྒྱ་སྡེ་བའི་ཞོག་ཁོག་གི་ཐོན་ཚད་དེ་བསྟུད་མར་ལེགས་ཕྱོགས་སུ་འཕེལ་བ་དང་བསྟུན་ནས། སྡེ་བ་དེའི་སྡེ་མི་རྣམས་ཀྱིས་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་ཆེན་པོའི་འོག རང་སའི་ས་བབ་ཀྱི་དགེ་མཚན་གཞིར་བཟུང་ནས་ལོ་རེ་བཞིན་ཞོག་ཁོག་འདེབས་པའི་གཞི་ཁྱོན་ཆེ་རུ་བཏང་སྟེ། སྡེ་བ་དེ་ཞོག་ཁོག་འདེབས་པའི་དཔེ་སྟོན་རྟེན་གཞི་ལེགས་ཤོས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད། གནས་ཚུལ་དེའི་སྐོར་ནས་བོན་རྒྱ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་དོན་འགྲུབ་ཀྱིས་གསར་འགོད་པར་འདི་ལྟར་བཤད།
ང་ཚོ་བོན་རྒྱ་སྡེ་བར་མཚོན་ན་སྔོན་ཆད་གྲོ་དང་ནས།སྲན་མ་སོགས་གཙོ་བོར་འདེབས་པའི་ཞིང་ལས་ཀྱི་སྡེ་བ་ཞིག་ཡིན།འདི་དག་གི་ཡོང་སྒོ་དེ་འདྲ་མི་བཟང་བས་ཉེ་བའི་ལོ་འགའི་སྔོན་ནས་བཟུང་ཞོག་ཁོག་བཏབ་པ་ཡིན།ཞོག་ཁོག་གི་ཡོང་སྒོ་ཧ་ཅང་བཟང་བས་ད་ལོར་འདེབས་རྒྱ་ཆེ་རུ་བཏང་ནས་ས་མུའུ་སྟོང་གཅིག་དང་བརྒྱ་ལ་ཞོག་ཁོག་བཏབ་ཡོད།ད་ལོར་ཡོང་སྒོ་ཡང་ཤིན་ཏུ་བཟང་བར་ཡིད་ཆེས་ཡོད།
སྙན་སྒྲོན་པ།ཞོག་ཁོག་གི་ཐོན་ཚད་ཕུན་སུམ་ཚོགས་ཤིང་ཚོང་རའི་རིན་གོང་ཡང་ཤིན་ཏུ་བྲིན་པོ་བྱུང་བའི་སྟབས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དང་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། སྡེ་མི་རྣམས་ལ་མཚོན་ནའང་ཞོག་ཁོག་འདེབས་པའི་ལས་ལ་སྤྲོ་བ་རབ་ཏུ་རྒྱས་འདུག གསར་འགོད་པ་ཞོག་ཁོག་འདེབས་པའི་ཡུལ་དངོས་སུ་ཐོན་དུས། སྡེ་མི་མང་པོ་ཞིག་གིས་རླངས་འཁོར་ཆེན་པོ་ཞིག་གི་མཐའ་བསྐོར་ཏེ། སྲིད་གཞུང་གིས་སྡེ་བ་སོ་སོར་རིན་མེད་དུ་བྱིན་པའི་ལུད་རྫས་ལེན་བཞིན་འདུག ང་ཚོ་མཐོང་བ་ན་སྡེ་མི་མགོན་པོས་སྤྲོ་སྣང་དང་བཅས་ཏེ་འདི་ལྟར་བཤད།
ང་ཚོས་སྔོན་ཆད་གྲོ་དང་ནས།སྲན་མ།ལོག་དཀར་སོགས་བཏབ་པ་ཡིན།ངེད་ཚང་གིས་ན་ནིང་ནས་བཟུང་ཞོག་ཁོག་བཏབ་པ་དང་།ས་མུའུ་བཅུའི་སྟེང་ནས་ཡོང་སྒོ་སྒོར་མོ་ཁྲི་བཞི་དང་སྟོང་གཉིས་གསུམ་ཙམ་ལོན་སོང་།ད་ལོར་སྡེ་བ་ཡོངས་ཀྱིས་ཞོག་ཁོག་བཏབ་ཡོད་པས།དེ་རིང་སྲིད་གཞུང་གིས་རིན་མེད་ལུད་རྫས་ཀྱང་སྟེར་བཞིན་ཡོད་པ་འདི་རེད།
སྙན་སྒྲོན་པ། ང་ཚོ་གསར་འགོད་པ་ཕྱིར་ལམ་དུ་ལོག་དུས་ཕྱི་དྲོའི་དུས་སུ་སླེབས་འདུག་ཅིང་། ཟླ་བཞི་བའི་ཉི་འོད་གཉོམ་པོ་དེ་ཙོང་ཁའི་སྐྱེས་རིའི་འདབས་རོལ་གྱི་རུ་སྡེ་དག་ལ་ལྷོད་ཀྱིས་འཕྲོས། རི་རྩེ་ཅུང་མཐོ་བའི་ཉག་ཁ་ཞིག་ནས་ཕྱི་མིག་ལྟ་དུས། འགྱིག་ཤོག་དཀར་པོས་གཡོགས་པའི་ཁོད་ཡངས་པའི་ཞོག་ཁོག་གི་ཞིང་ས་དེ་དག་ནི། ལུང་གཞོང་ཧྲིལ་བོ་དེ་ལ་ཁ་བ་སྲབ་མོ་ཞིག་གིས་ཡོངས་སུ་བཀླུབས་པ་དང་ཀུན་ནས་མཚུངས་ཤིང་། ཕྱི་དྲོའི་ཉི་འོད་ཀྱི་ཟེར་མའི་ངོགས་སུ་འོད་ལམ་ལམ་བྱེད་ཀྱིན་འདུག
སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན། བོན་རྒྱ་སྡེ་བ་ཞོག་ཁོག་འདེབས་པའི་དཔེ་སྟོན་ལམ་དུ་སྐྱོད་ཅེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།