མདའ་བཞི་ཚོ་བ་རིག་གནས་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་ཡུལ་སྐོར་ནང་འགུག་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིད་བྱས།
2024.05.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མདའ་བཞི་ཚོ་བ་རིག་གནས་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་རྫོང་མདོ་ལ་རི་བོའི་སློབ་འབྲིང་གི་དཀའ་ཁག་ཅན་གྱི་སློབ་མ་ཉི་ཤུ་ལ་སྒོར་ཁྲི་གཉིས་ཀྱིས་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བཞིན་མཆིས། རྒྱུས་ལོན་པ་ལྟར་ན། མདའ་བཞི་ཚོ་བ་རིག་གནས་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ཕྱོགས་སུ་སྐུལ་ཁྲིད་བྱེད་པར་ནུས་པ་བླ་ལྷག་ཐོན་འདུག་པ་མ་ཟད། ན་གཞོན་འཇོན་ནུས་ཅན་མང་པོ་ལ་ཁེ་ལས་གཉེར་བའི་དངོས་སྦྱོང་གི་གོ་སྐབས་འདོན་སྤྲོད་བྱས་པས། སྨོན་ལམ་མཐོན་པོའི་རི་འདབས་སུ་ཁེ་ལས་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་འདུག

མདའ་བཞི་ཚོ་བ་རིག་གནས་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ནི་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་བཙུགས་ཤིང་། ཀུང་ཟིས་མཚོ་སྐོར་ལ་ཡོང་བའི་ཡུལ་སྐོར་པའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་ཆེད། རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་མུ་ཁྱུད་ཀྱི་སྟེགས་བུ་འཛུགས་སྐྲུན་བྱས་ནས།མདའ་བཞིའི་གླུ་གར་ལྟེ་གནས་དང་དམངས་སྲོལ་ཁང་། མགྲོན་ཁང་བཅས་འཛུགས་སྐྲུན་བྱས་ཡོད་ལ། ཡུལ་སྐོར་བས་ལྕགས་རྟ་སྐོར་ནས་མཚོ་སྐོར་ལ་འགྲོ་བར་སྟབས་བདེ་ཆེད། ལྕགས་རྟ་གཡོར་སའི་ལྟེ་གནས་ཀྱང་བཙུགས་ཡོད།ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བློ་བཟང་རྒྱ་མཚོས་བཤད་རྒྱུར། 

ཁ་སང་དེ་རིང་ང་ཚོ་ལྕགས་རྟའི་གནས་སྐོར་འདི། མཚོ་སྔོན་ཞིང་ཆེན་དུ་ཅུང་རྒྱ་ཆེན་པོ་ཡོད་པ་རེད། ང་ཚོར་ལྕགས་རྟ་སྟོང་ལྔ་ཡོད་པ་དང་། འདི་ལྟར་གནས་སྐོར་བྱས་ཏེ་སོང་ན། མཚོ་སྔོན་པོའི་རིག་གནས་དང་། རྩྭ་ཐང་གི་རིག་གནས་ཁྱབ་བསྒྲགས་བྱེད་ཐུབ་པ་རེད། དེ་རིང་ཕྱི་དྲོར། ང་ཚོས་སློབ་མ་ཉི་ཤུར་སྒོར་མོ་ཁྲི་གཅིག་གཉིས་ལྷག་གིས་རོགས་སྐྱོར་བྱེད་རྒྱུ་ཟེར་གི་ཡོད།

ས་གནས་མང་ཚོགས་ཁྲོད་དུ་དཀའ་ངལ་ཅན་གྱི་མང་ཚོགས་ཡོད་ཚེ། རང་གི་ཁེ་གཉེར་གྱི་ཡོང་སྒོའི་ཁྲོད་མ་དངུལ་བཏང་ནས་རོགས་རམ་བྱེད་རྒྱུ་ནི་མདའ་བཞི་ཚོ་བ་ཀུང་ཟིའི་ཡ་རབས་ཀྱི་སྤྱོད་བཟང་ཞིག་ཏུ་གྱུར་འདུག  ལོ་སྔོན་མར་ཡང་ཀུང་ཟི་འདིས་རྫོང་གི་དཀའ་ཁག་ཅན་གྱི་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ལ་སྒོར་ཁྲི་བདུན་གྱིས་རོགས་རམ་བྱས་པས། མཐའ་འཁོར་གྱི་མང་ཚོགས་རྣམས་ལ་མཚོན་ན། ཁེ་ལས་གཉེར་མཁན་གྱི་སྤྱི་སེམས་ཀྱི་སྣང་བརྙན་དེས་སེམས་སུ་བག་ཆགས་བཟང་བོ་བཞག་འདུག ཀུང་ཟི་འདིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་གི་འགྲོ་གྲོན་བཏང་ཡོད་པ་དང་། དུས་རྒྱུན་ཀུང་ཟིའི་མཐའ་འཁོར་གྱི་སྡེ་བའི་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ནས། ལོ་རེར་ས་གནས་མང་ཚོགས་བརྒྱ་དང་དགུ་བཅུ་ལྷག་ལ་ཀུང་ཟིའི་ནང་དུ་ཞབས་ཞུའི་ལས་གནས་འདོན་སྤྲོད་བྱས་ཏེ། མང་ཚོགས་སྒོ་ཕྱི་ལ་འགྲོ་མི་དགོས་པར་ཡོང་སྒོ་འབོར་ཆེན་འཚོལ་ཐུབ་པའི་ལམ་བུ་གསར་པ་བཏོད་འདུག དེའི་སྐོར་ནས་ཀུང་ཟིའི་ལས་བཟོ་པ་བྱམས་པ་ཡིས་བཤད་རྒྱུར། 

ང་རང་གིས་འདི་ནས་ལྕགས་རྟར་ཞོན་མཁན་གྱི་མགྲོན་པོར་ལམ་འཁྲིད་བཞིན་ཡོད། མཚོ་སྐོར་བྱེད་བཞིན་ཡོད་པ་དང་། ལམ་གྱི་མཛེས་ལྗོངས་སོགས་ངོ་སྤྲོད་བྱེད་བཞིན་ཡོད། དེའི་ཕན་ཆད་ནས་ཕ་གི་ན་རྟ་ར་ཞིག་ཡོད་པ་དང་། རྟར་ཞོན་མཁན་གྱི་མགྲོན་པོ་འཕང་ལ་བཟུང་ནས་རྟར་ཞོན་ཏུ་བཅུག་པ་དང་། ན་ནིང་མཚོན་རྒྱུ་ན། སྒོར་མོ་འབུམ་གཅིག་དང་ཁྲི་དྲུག་ལྷག་གི་ཡོང་སྒོ་བཙལ་ཐུབ་པ་བྱུང་།

གསེར་བཟང་མཚོ་ནི་མཚོ་སྔོན་འགྲིམ་འགྲུལ་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་ཞིག་རེད། མོས་གྲོང་ཁྱེར་ནས་ལས་ཀ་བཙལ་ན་ཁྱིམ་མི་དང་ཐག་རིང་བ་དང་། ཐག་ཉེ་རུ་ལས་ཀ་འོས་འཚམ་ཞིག་རྙེད་ཀྱི་མེད་པའི་བར་སྐབས་སུ། ཀུང་ཟི་འདིས་མོར་ལས་ཞུགས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ཤིང་། མོས་ཁེ་ལས་ཀུང་ཟིའི་ཁྲོད་དུ་རང་གི་མི་ཚེའི་ཕུགས་བསམ་རྙེད་པའི་མགོ་ཐོག་མ་བརྩམས་བྱུང་། མོས་བཤད་རྒྱུར།

  ང་རང་སློབ་ཆེན་ནས་མཐར་ཕྱིན་པ་ཡིན། རང་ཉིད་དང་འདིའི་ནང་གི་ལས་གྲོགས་ཚང་མའི་ཟླ་ཕོགས་ཡང་གཅིག་ཡིན་པ་རེད། མ་འོངས་པ་ན་ཁེ་ལས་འདིའི་ནང་ཞུགས་ནས་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། རང་གི་ནུས་པ་ལ་བརྟེན་ནས་མང་ཚོགས་ལ་རོགས་བྱེད་རྒྱུ་དེ་ནི་ངའི་དམིགས་འདུན་ཡིན།

ཉེ་བའི་ལོ་འདི་དག་ལ།གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན། ས་གནས་འདིའི་ན་གཞོན་མང་པོས་རིག་གནས་ཡུལ་སྐོར་དང་ཐོན་རྫས་གསར་སྐྲུན་སོགས་ལས་ཀ་སྣ་ཚོགས་གཉེར་ནས། མཐོ་སྒང་འབྲོག་ཕྱོགས་ཀྱི་ཡུལ་གྲུ་རུ་དེང་རབས་དཔལ་ཡོན་དང་འབྱོར་ཕྱུག་གི་ལམ་སྣ་ཁྲིད་པའི་ཚ་རླབས་འཕྱུར་འདུག་ལ། དུས་རབས་གསར་པའི་བགྲོད་ལམ་གྱི་སྟེང་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་འདུག


གསར་འགོད་པ། སྐལ་བཟང་རྣམ་རྒྱལ། ཚེ་རིང་སྒྲོལ་མ། 

རྩོམ་སྒྲིག་འགན་འཁུར་བ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ། 

ལྟ་སྐུལ་བ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།