རྐང་ཚ་རྫོང་གིས་སྦྲགས་སྲིད་མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། ས་གནས་མང་ཚོགས་ཀྱི་འཛད་སྤྱོད་གཞི་རྒྱ་ཆེ་རུ་བསྐྱེད་པར་སྐུལ་འདེད་ཆེན་པོ་བྱས།
2024.05.28 ཁུངས། ཀློག་གྲངས། 19

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ས་གནས་མང་ཚོགས་ལ་དྲ་ལམ་ཉོ་ཚོང་ཐད་ནས་སྟབས་བདེ་བཟོ་ཆེད་དང་། གློག་རྡུལ་དྲ་བའི་ལམ་ནས་ཉོ་ཚོང་བྱས་ན་ཚོང་ཟོག་ཁྱིམ་ཚང་གི་སྒོ་ཁར་འབྱོར་བར་ཁག་ཐེག་བྱ་ཆེད། ཡུལ་ཚོ་སོ་སོ་རུ་སྦྲགས་སྲིད་ཀྱི་ས་ཚིགས་བཙུགས་ཤིང་། སྡེ་བ་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་དངོས་པོ་འཇོག་ས་གཏན་འཁེལ་བྱས་ནས། ད་ལྟ་སྡེ་བ་སོ་སོ་རུ་སྦྲགས་སྲིད་མྱུར་སྐྱེལ་གྱི་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་འདུག

རྐང་ཚ་རྫོང་ལ་མཚོན་ན་འབྲོག་ཕྱོགས་ཀྱི་ཡུལ་ཚོ་ཅུང་མང་བས། རི་ལམ་ཀྱག་ཀྱོག་ཡིན་པ་དང་ཁྱིམ་ཚང་ཁ་ཐོར་གྱི་རྣམ་པར་གནས་ཡོད། སྦྲགས་སྲིད་མྱུར་སྐྱེལ་ཁྱིམ་ཚང་རེ་རེའི་སྒོ་ཁར་སླེབས་དགོས་ཚེ། ཁྱིམ་ཚང་རེ་རེ་བཙལ་ན་དུས་ཚོད་ཡུན་རིང་འགོར་བ་དང་། དབྱར་ས་སོགས་སུ་ཁ་པར་བརྡ་རྟགས་ཀྱང་མེད་པས། སྐབས་རེར་དངོས་པོ་བདག་པོ་ལ་འཕྲོད་དཀའ་བ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་བཞིན་ཡོད་པས། རྐང་ཚ་རྫོང་སྦྲགས་སྲིད་ཁང་གིས་ས་གནས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཡུལ་ཚོ་སོ་སོ་རུ་སྦྲགས་སྲིད་ཀྱི་ས་ཚིགས་འཛུགས་སྐྲུན་བྱས་ཤིང་། སྡེ་བ་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཚོང་ཟོག་འཇོག་སའི་སྟེགས་བུ་བཙུགས་ནས། མང་ཚོགས་ཀྱིས་མངགས་ཉོ་བྱས་པའི་ཚགས་པར་གཙོ་བྱས་པའི་དངོས་ཟོག་སྣ་ཚོགས་དུས་ལྟར་འབྱོར་བར་ཁག་ཐེག་བྱས། དེའི་སྐོར་ནས་སྦྲགས་སྲིད་མྱུར་སྐྱེལ་པ་ཚེ་མདོ་སྐྱབས་ཀྱིས་བཤད་རྒྱུར། 

ང་སྦྲགས་སྲིད་མྱུར་སྐྱེལ་པ་ཞིག་ཡིན།ང་རང་ཉིད་ཀྱིས་དུས་རྒྱུན་དུ་རྫོང་ཐོག་གི་ཡུལ་ཚོ་སོ་སོར་དངོས་རྫས་སྐྱེལ་བཞིན་ཡོད།དེ་རིང་ཐོན་ནོ་དེ་རིང་སྐྱེལ་བ་ཡིན།སྦྲགས་སྲིད་ལས་ཉོས་པའི་དངོས་པོ་ཅ་ལག་ཐམས་ཅད་ལག་ཏུ་འབྱོར་ཐུབ་པ་ཡིན།ཡུལ་ཚོ་སོ་སོ་དང་ས་གནས་གང་ཡིན་རུང་ང་ཚོ་ཐོན་ཐུབ།ང་རང་ཉིད་ཡིན་ན་སྔ་མོར་རྐང་ཚ་རྫོང་གི་ཆུ་ཁོལ་ཡུལ་ཚོ་དང་དཔལ་དགེ་ཡུལ་ཚོར་འགྲོ་བ་དང་།ཕྱིར་ཐོན་དུས་དུས་ཚོད་བཅུ་གཉིས་ལྷག་ཡིན་ཞིང་།དྲོས་ཇ་འཐུང་རྗེས་རླངས་འཁོར་ནང་དངོས་རྫས་བསྡུས་རྗེས་སྐྱིད་སྨོན་ཡུལ་ཚོ་དང་།མཚོ་འཁྱིལ།བྱ་གླིང་སོགས་ཡུལ་ཚོ་རུ་དངོས་པོ་སྐྱེལ་བཞིན་ཡོད།དེ་ལྟར་གྲོང་ཚོ་ཆགས་ཡོད་ས་ཞིག་དང་མི་ཡོད་ས་ཞིག་ལ་སྦྲགས་སྲིད་རྒྱུན་དུ་དེར་ཐོན་བཞིན་ཡོད།ང་ཉིན་རེར་སྤྱི་ལེ་བདུན་བརྒྱའི་ལམ་ལ་རྒྱུག་བཞིན་ཡོད།

ད་ལྟ་རྐང་ཚ་རྫོང་ལ་ཡུལ་ཚོ་དང་གྲོང་རྡལ་གྱི་སྦྲགས་སྲིད་དངོས་པོ་འཇོག་ས་ལྔ་ཡོད་པ་དང་། སྦྲགས་སྲིད་མྱུལ་སྐྱེལ་པ་ཡིས་ཁྱོན་བསྡོམས་གཟའ་འཁོར་རེར་སྡེ་བ་སོ་གཅིག་ལྷག་ལ་དངོས་ཟོག་སྐྱེལ་བཞིན་ཡོད། ཡུལ་ལུང་སོ་སོ་རུ་སྦྲགས་སྲིད་དངོས་པོ་འབྱོར་མགོ་བརྩམས་པ་ནས་བཟུང་། རྐང་ཚ་རྫོང་གི་ལོ་ལོན་རྒན་པ་དག་གཙོ་བྱས་པའི་མང་ཚོགས་རྣམས་ཀྱིས་སྒོ་ཕྱིར་འགྲོ་མི་དགོས་པར་རང་ཉིད་ལ་ཅི་མཁོ་དྲ་ལམ་ནས་ཚུར་ཉོ་བར་སྟབས་བདེ་བསྐྲུན་ཡོད། དཀོན་ལོ་གོང་མ་སྡེ་བའི་སྡེ་མི་ཚེ་རིང་ཐར་གྱིས་བཤད་རྒྱུར།     

འདི་ཚོས་འདི་ལྟར་དངོས་པོ་སྐྱེལ་ནས་ཐོན་ཡོང་།ངོ་མ་འདི་ཚོ་བཟང་པོ་རེད།རི་ཁ་གང་དུ་ཡོད་རུང་ཁ་པར་བརྒྱབ་ནས་དངོས་པོ་དེར་སྐྱེལ་ནས་ཐོན་ཡོང་བ་རེད།ད་སྐབས་བྱིས་པ་ཚོས་དྲ་སྟེང་དུ་དངོས་པོ་ཉོ་རྒྱུ་མང་ལ།དངོས་པོ་མང་པོ་སྒོ་ཁར་སྐྱེལ་ཡོང་བཞིན་ཡོད་པས།ཞབས་ཞུ་འདི་ངོ་མས་བཟང་།

སྦྲགས་སྲིད་དངོས་པོ་སྡེ་བར་འབྱོར་བ་དང་ཁྱིམ་ཚང་དུ་འབྱོར་བའི་སྤུས་ལེགས་ཞབས་ཞུ་ལ་བརྟེན་ནས། ས་གནས་མང་ཚོགས་ཀྱིས་དྲ་ལམ་ནས་དངོས་པོ་ཉོ་བ་དང་། སྡེ་བ་སོ་སོའི་ཕྱུགས་ལས་ཐོན་རྫས་སྒོ་ཕྱིར་འཚོང་བའི་སྣང་ཚུལ་བཟང་བོ་མངོན་ནས། སྦྲགས་སྲིད་ཞབས་ཞུས་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་ཐོན་ལས་དར་སྤེལ་གྱི་ཕྱོགས་སུ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།


གསར་འགོད་པ། སྐལ་བཟང་རྣམ་རྒྱལ། ཚེ་རིང་སྒྲོལ་མ།

རྩོམ་སྒྲིག་འགན་འཁུར་བ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།

ལྟ་སྐུལ་བ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།