བོན་རྒྱ་ཕྱུགས་ས་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱས།
2024.05.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན། མཚོ་སྔོན་གསར་པའི་གཟི་དཔལ་ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུའི་མཚམས་སུ་སླེབས་པ་ན། ཕྱི་ནས་བལྟས་ན་མདོག་དམར་པོའི་ཤིང་ཁང་གྲུ་བཞི་ལྟ་ན་སྡུག་པ་མང་པོ་ཉི་འོད་ཀྱི་བཀྲག་མདངས་འོག་ཏུ་རབ་ཏུ་མཛེས། ང་ཚོ་གསར་འགོད་པའི་བཅར་འདྲིའི་གོམ་ཁ་ཡང་ངང་གིས་ཡུལ་དེར་བསྒྱུར། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་མཚོ་སྟོད་སྡེ་བའི་བོན་རྒྱ་རུ་ཁག་གི་སློབ་གྲྭ་ཆེན་མོ་པས་ལས་སྒོ་གསར་སྐྲུན་བྱས་ནས་ལས་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་ཞིག་ཡིན་ཞིང་། བོན་རྒྱ་ཚོ་བའི་ཕྱུགས་ས་རུ་གཞིས་ཆགས་ཡོད་པས། བོན་རྒྱ་ཕྱུགས་ས་ཡང་ཟེར་ལ། 2014ལོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་འབྲེལ་ནས་ཐོག་མར་བོན་རྒྱ་རུ་ཁག་གི་ས་ཐོག་ནས་རྩྭ་ས་མ་རྐང་དུ་འཇོག་པའི་རྣམ་པས་མཉམ་ལས་ཁང་བསྒྲུབས་པ་དང་། རྗེས་ནས་མཚོ་སྔོན་པོའི་ལོ་རྒྱུས་རིག་གནས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། 2019ལོའི་ལོ་མགོའི་བར།  བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བཏང་ནས་མཚན་མོའི་སྐར་ཚོགས་ཀྱི་ཞིང་ཁམས་ལ་ལྟ་ཐུབ་པའི་བོད་བཟོའི་ལུགས་ཀྱི་མགྲོན་ཁང་གྱན་སུམ་བརྒྱ་དང་ཞེ་བདུན་ལྷག་དང་། རིག་གནས་གསར་སྐྲུན་ལྟེ་གནས། གཞིས་མགྲོན་དགྱེས་འཛོམས་གླིང་སོགས་བསྐྲུན། རང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་ཁྱད་ཆོས་ལ་ཡུལ་སྐོར་པ་མང་པོའི་དགའ་བསུ་ཆེན་པོ་ཐོབ་པར་བརྟེན། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་ནས་ལོ་དེར"མཚོ་བྱང་བོན་རྒྱ་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི"ཞེས་པར་རིམ་པ་སྤར་བ་དང་། དེ་ནི་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཁེ་ལས་ཞིག་ཀྱང་རེད། ད་ལྟ་དེ་རུ་མགྲོན་ཁང་དང་། ཟ་ཁང་། རིག་རྩལ་འཁྲབ་སྟོན་གཙོ་བོ་ཡིན་པའི་འབྲོག་ལས་རིག་གནས་ཉམས་རོལ་ཁང་དང་། སྦྲ་ནག རྟ་ལ་ཞོན་ས། སྐོར་བྲོ་འཁྲབ་ས། བོད་སྤོས་ལས་ས། བོན་རྒྱ་དཔེ་ཁང་སོགས་བསྐྲུན་ཡོད་ལ། ཡུལ་སྐོར་པར་འགྲོ་འདུག་སྤྱོད་གསུམ་དང་། ཡུལ་སྐོར་ལྗོངས་རྒྱུ། ཉོ་ཚོང་། རོལ་རྩེད་སོགས་ལ་མཉམ་དུ་མྱོང་རོལ་བྱེད་ཐུབ་པའི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ནས་སེམས་པ་ལྷོད་ལྷོད་ངང་མཐོ་སྒང་གི་རི་ཆུར་མྱོང་རོལ་བྱེད་པའི་གནས་མཆོག་ཅིག་བསྐྲུན་ཡོད་པས། ལོ་རེར་ཡུལ་སྐོར་པ་མང་པོ་རྒྱུན་མ་ཆད་པར་གནས་འདིར་ཡོང་བཞིན་ཡོད་པ་དང་། ས་གནས་མང་ཚོགས་ལའང་ཡུལ་སྐོར་ཐོན་ལས་ཀྱི་ཡོང་སྒོ་མང་པོ་སྐྲུན་བཞིན་ཡོད།

བོན་རྒྱ་ཕྱུགས་ས་ནི་སློབ་གྲྭ་ཆེན་མོ་པའི་ལས་སྒོ་གསར་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཁེ་ལས་ཞིག་ཡིན་པའི་ཆ་ནས། ད་དུང"ཏང་གི་འཛུགས་སྐྲུན་སྣེ་ཁྲིད་དུ་བཟུང་ནས་ཕ་ཡུལ་དར་སྤེལ་གཏོང་བའི"ཁེ་ལས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། ཡུལ་སྐོར་པ་རྟར་ཞོན་དུ་འཇུག་པའི་ལས་ཀ་གཉེར་ནས་ཡོང་སྒོ་བཙལ་དུ་བཅུག་ལ། སྡོད་ཁང་ལེགས་བཅོས་དང་། རྩྭ་ས་གཅིག་བསྡུས་སྒོས་མ་རྐང་དུ་འཇོག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་བ་རིམ་པའི་བྱ་བ་འཕེལ་རྒྱས་གཏོང་བར་རོགས་རམ་དང་། སྡེ་མིའི་འཚོ་བའི་ཆ་རྐྱེན་ལེགས་བཅོས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཀྱི་ཐད་ལ་བྱ་བ་མང་པོ་སྒྲུབ་སྟེ། ས་གནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་ཁྲིད་པར་རང་ནུས་གང་ཡོད་བཏོན་དང་འདོན་བཞིན་ཡོད།  བོན་རྒྱ་ཕྱུགས་སའི་གཞུང་སྒྲུབ་ཁང་གི་འགོ་བ་པད་མ་འཚོ་ཡིས་ཀུང་ཟིའི་བྱ་བའི་སྐོར་ནས་བཤད་རྒྱུར། 

ད་ཟླ་ལྔ་པ་ཚེས་དང་ཟིག ང་ཚོ་བོན་རྒྱ་ཕྱུགས་ས་ཡིས་ཀྱང་ཡུལ་སྐོར་པ་སྣེ་ལེན་བྱེད་མགོ་བརྩམས་ཡོད། ན་ནིང་བོད་རྒྱའི་ཕྱུགས་ས་ཡིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་འབུམ་གཅིག་ལྷག་སྣེ་ལེན་བྱས་པ་དང་། ཡོང་སྒོ་རྐྱང་རྐྱང་སྒོར་མོ་ས་ཡ་ལྔ་བླངས་ཡོད། དེའི་ཁྲོད་ང་ཚོས་གྲོང་གསེབ་དར་སྤེལ་གྱི་ཕྱོགས་ལ་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ལྷག་གིས་རོགས་རམ་བྱས་པ་དང་། ད་ལོར་ཡོང་སྒོ་དང་གྲོང་གསེབ་དར་སྤེལ་གྱི་ཕྱོགས་ནས་ན་ནིང་ལས་ཀྱང་ཇེ་བཟང་ཇེ་ལེགས་ལ་འགྲོ་ཐུབ་པའི་ཡིད་ཆེས་ཡོད།

བོན་རྒྱ་ཕྱུགས་ས་རུ་ད་ལྟ་ལས་བཟོ་པ་བརྒྱ་དང་སུམ་ཅུ་ལྷག་ཡོད་པ་དང་། མང་ཆེ་བ་ནི་ཉེ་འཁོར་གྱི་མང་ཚོགས་ཡིན་པས། རང་ས་རང་ཡུལ་དུ་ཡོང་སྒོ་བཙལ་ནས་བདེ་སྐྱིད་འཚོ་བ་རང་གི་ལག་ཟུང་ལ་བརྟེན་ནས་སྐྲུན་བཞིན་ཡོད། ཕ་ཡུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བའི་ཡིན་པའི་བཙན་སྐྱབས་ཀྱིས་ང་ཚོ་གསར་འགོད་པར་འདི་ལྟར་བཤད་བྱུང་། 

ང་བོན་རྒྱ་ཕྱུགས་ས་འདིར་ཡོང་ནས་ལོ་བཞི་ལྔ་ལྷག་འགོར་ཡོད། ང་རང་ཡིན་ན་སློབ་གྲྭ་ཆེན་མོར་འགྲིམས་མ་མྱོང་། སྔོན་ཆད་ཕྱོགས་ཡར་མར་ནས་ལས་ཀ་ལས་མྱོང་། བོན་རྒྱ་ཕྱུགས་ས་འདིར་ཡོང་ནས་ལོ་ངོ་འདི་འདྲའི་རིང་ལ་ཟླ་ཕོགས་སོགས་ཕྱོགས་གང་ཐད་ནས་བཟང་བ་རེད། རང་གི་འཚོ་བར་འགྱུར་ལྡོག་ཡང་ཆེན་པོ་ཞིག་བྱུང་ཡོད།

ལོ་ན་གཞོན་པའི་སྒྲོལ་མ་ཚེ་རིང་ནི་མདའ་བཞི་རྫོང་བུ་རྒོད་སྡེ་བའི་ཡིན་པ་དང་། ལུས་ཕུང་དེ་འདྲ་བཟང་རྒྱུ་མེད་པས་སློབ་གྲྭ་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་མ་ཐུབ་པར་ཕྱིར་ཕ་ཡུལ་དུ་ལོག་ཡོད་ལ། བོན་རྒྱ་ཕྱུགས་ས་རུ་ཡོང་ནས་ལས་ཀ་ལས་ཏེ་ཡོང་སྒོ་ཡང་ལེན་བཞིན་ཡོད། མོས་བཤད་རྒྱུར། 

ང་བོན་རྒྱ་ཕྱུགས་ས་འདིར་ཡོང་ནས་ལོ་གཉིས་འགོར་ཡོད། འདི་ནས་ཟ་ཁང་དུ་གད་བདར་བྱེད་བཞིན་ཡོད་ལ། རང་ཁྱིམ་དང་ཐག་ཉེ་བས་འདིའི་ཕྱོགས་ལ་སློབ་སྦྱོང་ཞིག་ཀྱང་བྱེད་བསམ་པ་ཡིན།  ལས་ཀ་ཡང་ཞིང་ཟླ་ཕོགས་བཟང་ལ། ཟླ་རེར་སྒོར་མོ་སྟོང་བཞི་ལེན་བཞིན་ཡོད།

ངོ་གདོང་སྨུག་ཅིང་། ལུས་ལ་གསོན་ཤུགས་ཀྱིས་ཁེངས་པའི་ལྷ་མོ་སྐྱབས་ལ་མཚོན་ན། ན་ནིང་ནས་བཟུང་། བོན་རྒྱ་ཕྱུགས་ས་ཡི་ལས་བྱེད་མི་སྣ་ཞིག་ཏུ་གྱུར། ཁོས་བཤད་རྒྱུར། 

ང་རང་སློབ་ཆེན་ནས་མཐར་ཕྱིན་རྗེས། ཕྱིར་རང་གི་ཕ་ཡུལ་གྱི་བོན་རྒྱའི་ཕྱུགས་སར་བྱ་བ་སྒྲུབ་ཏུ་ཡོང་བ་ཡིན། དེས་ན་གཅིག་ནས་རང་གི་འཚོ་བའི་ཕྱོགས་ལ་འདང་རྒྱག་མེད་པ་དང་། གཉིས་ནས་རང་གི་ཆེད་ལས་གླུ་དབྱངས་དང་ཞབས་བྲོ་འཁྲབ་ན་སེམས་པའང་ཧ་ཅང་སྐྱིད་པ་དེ་འདྲ་ཞིག་རེད།

སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་ཡང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། བོན་རྒྱ་ཕྱུགས་ས་ཡིས་ས་གནས་རང་གི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་རྒྱ་སྐྱེད་པའི་ལས་གཞི་གསར་བ་གསར་སྤེལ་བྱས་ཏེ། ཡུལ་སྐོར་པ་སྔར་ལས་མང་པོའི་དགོས་མཁོ་བསྐང་རྒྱུའི་འཆར་གཞི་བཟོས་ཡོད་ལ། མུ་མཐུད་དུ་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་འཚོ་བའི་ལམ་དུ་སྐྱོད་པར་སྟ་གོན་བྱེད་བཞིན་འདུག


གསར་འགོད་པ། སྐལ་བཟང་རྣམ་རྒྱལ། ཚེ་རིང་སྒྲོལ་མ།

རྩོམ་སྒྲིག་འགན་འཁུར་བ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།

ལྟ་སྐུལ་བ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།