རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་བཅུ་ལྷག་ཡོད་ཅིང་། སྤྲིན་དཀར་གྱི་མཐོ་ཚད་དུ་འགྱིངས་པའི་རི་མ་ས་ཁུལ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་བྱས། ཡུལ་ཚོ་དེས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དང་སྡེ་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་བྱེད་པ་དམིགས་འབེན་དུ་བྱས་ཤིང་། ཆུ་རྫིང་བསྐྱིལ་ནས་ཉེ་འཁོར་སྡེ་བའི་ཆུའི་དགོས་མཁོ་བསྐངས་པ་དང་།སྐྱེ་ཁམས་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པ། སྡེ་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། ཡུལ་ཚོ་དང་སྡེ་བའི་རྣམ་པར་འགྱུར་ལྡོག་གསར་བ་འབྱུང་བ་མངོན་འགྱུར་བྱས།
སྐྱ་རྒྱའི་ཡུལ་ཚོ་དེ་དཔངས་མཐོ་བའི་རི་བོའི་རྩེ་རུ་གནས་ཡོད་པའི་རི་མ་ས་ཁུལ་ཞིག་ཡིན་ཡང་། ཆུའི་ཐོན་ཁུངས་ནི་ལོ་ཏོག་གི་འདེབས་འཛུགས་དང་ཕྱུགས་ཟོག་གི་འཚོ་སྐྱོང་ལ་མེད་དུ་མི་རུང་བའི་སྲོག་རྩ་ལྟ་བུ་ཞིག་ཡིན། ཡུལ་ཚོའི་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གསུམ་ལྷག་བརྩོན་ལེན་བྱས་ཏེ་ཆུ་རྫིང་དང་ལྒང་ལི་རྩེད་ས། ལུས་ཕུང་སྦྱོང་བརྡར་བྱེད་ས། སྤྲོ་འཆམ་བྱེད་ས་བཅས་གཞི་གཅིག་ཅན་གྱི་སྐྱ་རྒྱའི་སྐྱེ་ཁམས་སྤྱི་གླིང་འཛུགས་སྐྲུན་བྱས་པ་རེད། སྐྱ་རྒྱ་ཡུལ་ཚོའི་ལས་བྱེད་མི་སྣ་འཇིགས་མེད་ཐུབ་བསྟན་གྱིས་བཤད་རྒྱུར།
“ལོ་འདི་དག་གི་རིང་ལ་སྐྱ་རྒྱ་ཞང་གིས་ཞི་ཅིན་ཕིང་གི་ དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྣེ་ཁྲིད་འོག་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས། ཉེ་བའི་ལོ་གཉིས་ཀྱི་ནང་དུ། ང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོབ་སོགས་ཀྱི་རྣམ་གྲངས་དྲུག་བརྩོན་ལེན་བྱས་ཤིང་། སྒོར་བྱེ་བ་དགུ་ཡི་མ་དངུལ་བཏང་ཡོད། སྐྱ་རྒྱ་སྐྱིད་གླིང་འདི་སྔོན་ཆད་ཆུ་རྫིང་ཞིག་ཡིན་ཏེ། ར་བསྐོར་མེད་ལ་ཁོར་ཡུག་ཡག་པོ་མིན་པས། 2022ལོར་ཁོར་ཡུག་གཙང་སྒྱུར་གྱི་རྣམ་གྲངས་བརྩོན་ལེན་བྱས་ཏེ། ཆུ་རྫིང་རྙོག་པ་དེ་སྐྱེ་ཁམས་གླིང་ཀ་ཞིག་ཏུ་བསྒྱུར་ནས་ནང་དུ་རྐང་རྩེད་སྤོ་ལོ་རྩེད་ས་དང་། འཆམ་འཆམ་དུ་འགྲོ་སའི་རྐང་ལམ། ལྡིང་ཁང་། ལུས་ཕུང་སྦྱོང་བརྡར་ཡོ་བྱད་སོགས་སྒྲིག་གཞིའི་བཟོ་བཀོད་གང་མང་འཛོམས་པར་བྱས་ནས་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སྣང་མང་པོ་སྦྱིན་ཏེ། ཉེ་འཁོར་གྱི་མང་ཚོགས་རྣམས་སོས་དལ་གྱིས་རོལ་རྩེད་རྩེད་ས་དང་བྱིས་པ་ཚོས་བདེ་ཐང་གི་ལུས་སྦྱོང་བྱེད་སར་གྱུར་ཡོད། ད་སྐབས་དབྱང་གནང་སྐབས་དང་འཁེལ་བས། བྱིས་པ་ཚོ་ཉིན་རྒྱུན་འདིར་ཡོང་ནས་རྐང་རྩེད་སྤོ་ལོ་དང་རོལ་རྩེད་སྣ་ཚོགས་རྩེད་བཞིན་ཡོད། མཚམས་མཚམས་སུ་མང་ཚོགས་རྣམས་ཀྱང་འདིར་འཛོམས་ནས་སྐོར་བྲོ་དང་གླུ་ལེན་གར་རྩེད་སོགས་ཀྱི་བྱ་འགུལ་གང་མང་སྤེལ་བཞིན་ཡོད་པས། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་པ་ཤེས་ཐུབ།”
སྐྱ་རྒྱ་ཡུལ་ཚོས་གོང་རིམ་གྱི་རྒྱབ་སྐྱོར་དང་མཛུབ་སྟོན་འོག ཤུགས་ཆེན་པོས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་དག་ཐེར་བྱས། སྡེ་བའི་ནང་གི་གཞུང་ལམ་དང་སྡོད་ཁང་། ལྗང་བསྒྱུར་སོགས་ཕྱོགས་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་བརྟེན་ནས། སྡེ་བའི་རྣམ་པར་ལེགས་བཅོས་མངོན་གསལ་ཐོབ་ཡོད། ད་ལྟའི་སྐྱ་རྒྱ་ཡུལ་ཚོར་སོང་ཚེ། གྲལ་དག་གཙང་མ་ཡིན་པའི་གཞུང་ལམ་དང་། ལྗང་ཏིག་ཏིག་ཏུ་མངོན་པའི་སྐྱེད་མོའི་ཚལ་དང་སྤང་ཤུན་ལས་མི་རྣམས་མཛེས་སྡུག་གི་རི་ཆུའི་རི་མོའི་ཞིང་ཁམས་སུ་མྱུལ་བ་ལྟ་བུའི་སྣང་བ་སྟེར་སྲིད།
དེ་ལས་གཞན་དངོས་པོའི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། སྐྱ་རྒྱ་ཡུལ་ཚོས་ད་རུང་སྡེ་མིའི་བསམ་པའི་རིག་གནས་འཚོ་བར་དོ་སྣང་བྱེད་བཞིན་ཡོད། ཡུལ་ཚོའི་ཉེ་འདབས་སུ་ལས་པའི་སྐྱ་རྒྱའི་སྐྱེ་ཁམས་སྤྱི་གླིང་དེ་ནི་སྡེ་མི་ཚོར་སྤྲོ་སྐྱིད་དང་རོལ་རྩེད་སྣ་ཚོགས་འདོན་སྤྲོད་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པར་མ་ཟད། རིག་གནས་བྱ་འགུལ་དང་དུས་ཆེན་དགའ་སྟོན་སོགས་ཀྱང་གནས་དེར་སྤེལ་བཞིན་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་སྡེ་དམངས་ཀྱི་སྐྱིད་སྣང་ཇེ་ཆེར་བཏང་ཡོད། སྐྱ་རྒྱ་སྡེ་བའི་སྡེ་མི་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར།
“སྐྱ་རྒྱ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ལས་སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་སོང་བའི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད། ཞིང་སར་ཆུ་གཏོང་དུས་ནམ་ཡང་ཆུའི་དཀའ་ཁག་མེད་པར་ཆུ་གཏོང་ཐུབ་པར་གྱུར་ཡོད་ལ། གཉིས་ནས་ལྒིང་ལི་རྩེད་སར་མཚོན་ནས་བཤད་ན། སློབ་མ་རྣམས་དང་རྒྱུན་སྡོད་ན་གཞོན་རྣམས་ཀྱིས་ལུས་ཕུང་སྦྱོར་བརྡར་བྱེད་སར་གྱུར་ཡོད་པར་མ་ཟད། ཁོར་ཡུག་གྲལ་དག་ཅིང་སྐྱིད་སྣང་སྟེར་ཐུབ། དེ་ལས་གཞན། ལུས་ཕུང་སྦྱོར་བརྡར་བྱེད་པའི་གནས་སྐྱིད་པོ་ཞིག་སྟེ། རྒན་དར་གཞོན་གསུམ་གང་ཡིན་རུང་དགོང་ཇ་འཐུང་ཚར་རྗེས་དང་ཡང་ན་དུས་རྒྱུན་དུ་འཆམ་འཆམ་བྱེད་པར་རྒྱ་ཆེ་ཞིང་གཙང་མ་གྲལ་དག་གི་ཁོར་ཡུག་ཅིག་བསྐྲུན་འདུག”
སྐྱ་རྒྱ་ཡུལ་ཚོའི་འགྱུར་ལྡོག་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་གཞི་རིམ་ཞིང་སྡེ་ནས་ལག་ལེན་དངོས་འབེབས་བྱས་པའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ལྟ་བུ་ཞིག་ཡིན་པ་དང་། བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་སྐྱ་རྒྱ་ཡུལ་ཚོས་རིམ་བཞིན་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་མངོན་འགྱུར་བྱས་ཏེ། སྡེ་དམངས་དག་ལ་སྔར་ལས་མཛེས་སྡུག་ལྡན་ཞིང་འཚོ་གནས་ལ་རན་པའི་ཁྱིམ་གཞིས་ཤིག་གསར་བསྐྲུན་བྱས་དང་བྱེད་བཞིན་ཡོད།
དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་ལས་སྡེ་མིའི་འཚོ་བའི་སྤུས་ཚད་མཐོར་འདེགས་བྱས་པར་མ་ཟད། གྲོང་གསེབ་དར་སྤེལ་ཐད་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ཡོད། མ་འོངས་པར་སྐྱ་རྒྱ་ཡུལ་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་ཆད་མེད་པར་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་ཐུབ་པར་ཡིད་ཆེས་ཡོད།
གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།