ཁམས་ར་གྲོང་རྡལ་གླ་ནང་སྡེ་ཁུལ་གྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན།
2024.09.11 ཁུངས། ཀློག་གྲངས། 14

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཁར་དང་བར་ཐག་སྤྱི་ལེ་སོ་ལྔ་ཡོད་པའི་ཁམས་ར་གྲོང་རྡལ་དུ་གླ་ནང་སྡེ་ཁུལ་ཞེས་པའི་རྒྱལ་ཡོངས་ཀྱི་གནོད་སྐྱོབ་དཔེ་སྟོན་སྡེ་ཁུལ་དང་ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་སྡེ་ཁུལ། ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁུལ་སོགས་ཀྱི་མཚན་སྙན་མང་བོ་ཐོབ་མྱོང་བའི་སྡེ་ཁུལ་ཞིག་ཡོད། གླ་ནང་སྡེ་ཁུལ་དེ་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་བ། བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་གཙོར་འཛིན་པ། དམངས་འཚོ་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད་ལ། གཅན་ཚ་རྫོང་ཧྲིལ་བོའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཐད་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད།

རྨ་ཆུ་སྔོན་མོའི་འགྲམ་དུ་གནས་པའི་གླ་ནང་སྡེ་ཁུལ་གྱིས་ཏང་འཛུགས་ཀྱིས་མང་ཚོགས་ཀྱི་སྒྲིག་འཛུགས་ལ་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཤིང་། ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་གཞི་རིམ་གྱི་བཅོས་སྐྱོང་འདུ་ཤེས་དྲིལ་སྒྲོག་བྱས་པ་དང་། སྡེ་ཁུལ་གྱིས་དུས་བཅད་ལྟར་ཏང་ཡོན་དང་མང་ཚོགས་ཀྱིས་སློབ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་མཉམ་སྤྱོད་བྱས་ནས། མང་ཚོགས་དག་གཞི་རིམ་བཅོས་སྐྱོང་བྱ་བའི་ནང་ཞུགས་པའི་བརྩེ་སེམས་དང་བརྩོན་སེམས་སྐུལ་སྤེལ་བྱས། གླ་ནང་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་སྐྱིད་ཀྱིས་བཤད་རྒྱུར།

“ཁམས་ར་གྲོང་རྡལ་གླ་ནང་སྡེ་ཁུལ་དེ2003ལོའི་ཟླ་དྲུག་པའི་ནང་བཙུགས་ཤིང་། 2020ལོའི་ཟླ་བཅུ་པའི་ནང་སྒེར་ཚུགས་ཀྱི་གཞུང་སྒྲུབ་བྱེད་ས་ལས་པ་རེད། སྡེ་ཁུལ་འདིར་བསྡོམས་པས་སྡོད་དམངས་ཁྱིམ་ཚང969དང་མི་གྲངས1114ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། གླ་ནང་སྡེ་ཁུལ་གྱིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་གཅིག་ལྔ་དྲུག་དྲུག་གི་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་དང་། ཏང་འཛུགས་སྣེ་ཁྲིད་གཙོ་ཐིག་ཏུ་བྱས་ཏེ། གཙོ་བོ་བདེ་འཇགས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། བརྟན་འཇགས་སྲུང་སྐྱོབ་སོགས་ཀྱི་བྱ་བ་བསྒྲུབས་ནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་ཡིན།”

གླ་ནང་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་གཞི་རིམ་བཅོས་སྐྱོང་གི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ཏེ་ཚང་མའི་སྡེ་ཁུལ་ཚང་མས་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དེ་དོན་དངོས་བྱ་སྤྱོད་ལས་མངོན་པར་བྱས། སྡེ་ཁུལ་གྱིས་ད་རུང་ཞབས་ཞུའི་དམ་བཅའི་ལམ་ལུགས་དང་དུས་བཅད་ནང་ཐག་གཅོད་བྱེད་པའི་ལམ་ལུགས། ཐོག་མའི་གནད་དོན་ལ་འགན་ཁུར་བའི་ལམ་ལུགས་བཅས་བཙུགས་ཏེ། ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་ཁག་ཁུར་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བཏང་ནས། མང་ཚོགས་ལ་སྔར་ལས་སྟབས་བདེ་དང་ཕན་ནུས་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱས།

གླ་ནང་སྡེ་ཁུལ་གྱིས་བརྗོད་དོན་བྱ་འགུལ་སྤེལ་བར་དོ་སྣང་བྱས་ནས་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་སྐུལ་སྤེལ་བྱས། བདུན་གཅིག་སོགས་དུས་ཆེན་དང་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་སྐབས་སུ། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་སྡེ་ཁུལ་ཡོངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་པ་དང་། བརྗེ་རེས་བགྲོ་གླེང་བྱས་པར་མ་ཟད་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས། སྡེ་ཁུལ་གྱིས་ད་རུང་ཤེས་བྱའི་འགྲན་སྡུར་དང་རིག་རྩལ་འཁྲབ་སྟོན་སོགས་རྣམ་པ་མི་འདྲ་བའི་བརྗོད་དོན་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སྡེ་ཁུལ་གྱི་གོང་བུར་འདྲིལ་ཤུགས་དང་སེམས་ཤུགས་ཇེ་དྲག་ཏུ་བཏང་། གླ་ནང་སྡེ་ཁུལ་གྱི་སྡེ་མི་ཟོན་ཐར་གྱིས་བཤད་རྒྱུར།

“གླ་ནང་སྡེ་ཁུལ་གྱི་མགོ་ཁྲིད་པར་མཚོན་ནས་བཤད་ན། དོ་དམ་ཐད་ནས་ཧ་ཅང་བཟང་བ་སྟེ། དབུལ་ཁྱིམ་དང་གཙང་སྦྲ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་དོ་དམ་བྱས་པ་བཟང་བས་མང་ཚོགས་ཚང་མས་ཁས་ལེན་ཞིང་དགའ་བསུ་ཐོབ་ཡོད། གཞན་གླ་ནང་སྡེ་ཁུལ་གྱི་མི་རིགས་གསུམ་བར་གྱི་མཐུན་སྒྲིལ་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། མི་རིགས་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་བྱེད་པར་ཤུགས་ཆེན་པོ་བཏོན་ནས་གོང་བུར་འདྲིལ་ཤུགས་ཇེ་ཆེར་བཏང་ཡོད།”

བདེ་འཇགས་འཛུགས་སྐྲུན་ཐད་ནས་གླ་ནང་སྡེ་ཁུལ་གྱིས་ཏང་འཛུགས་ལ་བརྟེན་ནས་གཏན་འཇགས་སྲུང་བའི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཏང་འཛུགས་ལ་བརྟེན་ནས་དྲ་རྒྱ་ཅན་གྱི་དོ་དམ་ལ་སྣེ་ཁྲིད་དང་འགལ་བའམ་རྩོད་གླེང་རྩད་ཞིབ་ཞི་འཇགས་སུ་གཏོང་བ་སོགས་ཀྱི་བྱ་བར་བརྟེན་ནས། ཕན་ནུས་ལྡན་པའི་སྒོ་ནས་ཁོངས་གཏོགས་ས་ཁུལ་གྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས། སྡེ་ཁུལ་གྱིས་ད་རུང་ཉེ་འཁོར་ས་ཁུལ་བར་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས་རིགས་སྣ་ཚོགས་ཀྱི་ཐོལ་བྱུང་དོན་རྐྱེན་དང་ཉེན་ཁའི་འགྲན་རྩོད་མཉམ་དུ་ཐག་གཅོད་བྱས། དེའི་ཞོར་དུ་སྡེ་ཁུལ་གྱིས་ད་རུང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པར་དོ་སྣང་བྱས་ཏེ། མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་རང་སྲུང་ནུས་པ་ཇེ་དྲག་ཏུ་བཏང་།

     གླ་ནང་སྡེ་ཁུལ་ནི་རྒྱ་རིགས་དང་ཧོས་རིགས། བོད་རིགས་སོགས་མི་རིགས་མང་བོ་མཉམ་དུ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་ཡིན་པས། མི་རིགས་བར་དུ་མཐུན་སྒྲིལ་འཆམ་མཐུན་ཡོང་བ་ནི་གནད་ཀྱི་དམ་པ་ཡིན། སྡེ་ཁུལ་གྱིས་རིག་གནས་བྱ་འགུལ་དང་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་། དེས་མི་ཚད་སྡེ་ཁུལ་མངའ་ཁོངས་ཀྱི་ལོ་ལོན་བདག་མེད་དང་དབང་བོ་སྐྱོན་ཅན། དཀའ་ཁག་ཆེ་བའི་ཁྱིམ་ཚང་སོགས་ལ་དུས་ངེས་མེད་དུ་རོགས་སྐྱོར་བྱེད་བཞིན་ཡོད་པས་སྡེ་ཁུལ་དེའི་ཞབས་ཞུའི་རྣམ་འགྱུར་ལ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད།

དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་ནས། གླ་ནང་སྡེ་ཁུལ་གྱིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དོན་དངོས་དང་མཐུན་པའི་གནད་དོན་དག་གོ་གནས་གཙོ་བོར་བཞག་པ་དང་། རྩིག་པའི་ཕྱི་ངོས་ལེགས་བསྒྱུར་བྱེད་པ་དང་སྡེ་བར་གཙང་སྦྲ་བྱེད་པའི་འགུལ་སྐྱོད། ལྗང་བསྒྱུར་སྡོང་འཛུགས་བྱེད་པ་སོགས་དམངས་འཚོའི་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས་ཏེ། སྡོད་དམངས་ཀྱི་འཚོ་སྡོད་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། དེའི་ཞོར་དུ་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། ཞིང་ཁྱིམ་དཔེ་ཁང་སོགས་རིག་གནས་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། མང་ཚོགས་ལ་སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་འདོན་སྤྲོད་བྱས། བྱེད་ཐབས་དེ་དག་གིས་སྡོད་དམངས་ཀྱི་སྐྱིད་སྣང་དང་ཡིད་ཚིམས་ཚད་ཇེ་མཐོར་བཏང་ཡོད། གླ་ནང་སྡེ་ཁུལ་གྱི་དྲིལ་སྒྲོག་ཨུ་ཡོན་སྒྲོལ་མ་ཡག་གིས་བཤད་རྒྱུར།

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་པ་དང་། བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་བརྒྱུད་དེ་གོ་བ་ཟབ་མོ་བླངས་ནས། སྡོད་དམངས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ལ་དམིགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་ལས་བྱེད་པའི་ལས་སྐྲུན་དང་དམངས་ལ་ཞབས་འདེགས་ཞུ་བའི་སེམས་ཤུགས་སྐུལ་སྤེལ་བྱས་ཤིང་། ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལོན་ཏུ་བཅུག་པར་མ་ཟད། སྡེ་ཁུལ་ཁོངས་གཏོགས་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་བརྩོན་པ་བྱས་ནས་མང་ཚོགས་ཀྱི་ཡིད་ཚུམ་ཚད་དང་སྐྱིད་སྣང་ཇེ་ཆེར་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཟབ་ཞུགས་དང་མི་རིགས་མཐུན་སྒྲིལ་གྱི་འཆམ་མཐུན་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་ཡང་ཇེ་ཆེར་བཏང་ཡོད། སྡེ་ཁུལ་གྱི་ཐོན་ཁུངས་བེད་སྤྱད་ནས་དུས་ཆེན་གལ་ཆེན་དང་ཡང་ན་དགའ་སྟོན་ལ་ཟུང་འབྲེལ་བྱས་ནས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་མི་རིགས་སོ་སོའི་མཐུན་སྒྲིལ་དང་བརྩེ་སེམས་ཇེ་ཟབ་ཏུ་བཏང་བ་ཡིན།”

མདོར་ན། ཁམས་ར་གྲོང་རྡལ་གླ་ནང་སྡེ་ཁུལ་གྱིས་ཏང་འཛུགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། གཅན་ཚ་རྫོང་ཡོངས་དང་ཐ་ན་དེ་ལས་ཀྱང་ཁྱབ་ཁོངས་ཆེ་བའི་ས་ཁུལ་གྱི་གཞི་རིམ་སྡེ་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད། མ་འོངས་པར་གླ་ནང་སྡེ་ཁུལ་གྱིས་མུ་མཐུད་དུ་ཏང་འཛུགས་སྣེ་ཁྲིད་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་བཅོས་སྐྱོང་གི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ནས། གྲོང་གསེབ་དར་སྤེལ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་ངེས་རེད།

གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།