ཐུན་རིན་གྲོང་ཁྱེར་གཉན་ཐོག་ཡུལ་ཚོས་བྱེད་ཐབས་མང་བོ་སྤྱད་དེ་དམངས་ལ་དོན་དངོས་བསྒྲུབས་པར་ཕན་འབྲས་མངོན་གསལ་ཐོབ།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉན་ཐོག་་ཡུལ་ཚོས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཧུར་ཐག་སྒོས་དང་ལེན་བྱས་ཤིང་། དམངས་འཚོའི་དགོས་མཁོ་གནད་དུ་བཟུང་སྟེ། དམངས་ཀྱི་སྡོད་ཁང་ལེགས་བསྒྱུར་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་མང་བོ་ལག་བསྟར་བྱས་རྐྱེན། གྲུབ་འབྲས་མངོན་གསལ་རབ་དང་རིམ་པ་བླངས་ཏེ་ས་དེའི་མང་ཚོགས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་ཡོད། གཉན་ཐོག་ཡུལ་ཚོ་མི་དམངས་སྲིད་གཞུང་གི་འགོ་གཙོ་བསྟན་པ་སྐྱབས་ཀྱིས་བཤད་རྒྱུར།

       “ང་ཚོ་གཉན་ཐོག་ཡུལ་ཚོས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་ནས་བྱ་བ་གང་མང་སྒྲུབ་ཡོད།ཞིང་སྡེའི་ཁང་པ་ཇེ་ལེགས་སུ་གཏོང་བའི་ཐད་ནས་སྲིད་ཇུས་ཀྱི་རོགས་སྐྱོར་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་བརྒྱུད་སྡེ་མིའི་ཁང་རྙིང་ཞིག་གསོ་དང་སྒྱུར་བཀོད་བྱས་ཏེ་སྡོད་ཁང་གི་བདེ་འཇགས་རང་བཞིན་ཆེ་རུ་བཏང་ནས་སྡེ་མི་ཚོ་སྔར་ལས་བློ་བདེའི་བག་ཕེབས་ངང་འཚོ་བ་རོལ་ཐུབ་པར་བྱས། ཐོན་ལས་འཕེལ་རྒྱས་ཐད་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཚོལ་ཞིབ་བྱས་ཧུར་ཐག་བྱས་ཏེ། ཆུ་མ་སྡེ་བའི་ཡུལ་ལྗོངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རིགས་དར་སྤེལ་བཏང་ཞིང་། དམངས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་དེ་ནི་ང་ཚོའི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཧུར་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་པར་མ་ཟད། སྡེ་མི་ཡོངས་ཀྱི་ཐུན་མོང་གི་རྒྱབ་སྐྱོར་དང་ཚང་མ་ཟབ་ཞུགས་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད། ང་ཚོས་མུ་མཐུད་དུ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སྡེ་མི་རེ་རེས་བཅོས་སྒྱུར་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་དང་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པའི་ཕྱོགས་ནས་རྒྱུན་ཆད་མེད་པར་འབད་འབུངས་བྱ་རྒྱུ་ཡིན།”

གཉན་ཐོག་ཡུལ་ཚོ་ནི་ཐུན་རིན་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཤིང་། དེའི་མངའ་ཁོངས་སུ་སྒོ་དམར་དང་ཆུ་མ་སོགས་སྲིད་འཛིན་སྡེ་བ་དྲུག་ཡོད། གཉན་ཐོག་ཡུལ་ཚོས་དམངས་ཀྱི་སྡོད་ཁང་ལེགས་བསྒྱུར་བྱེད་པ་དེ་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་གནད་ཀྱི་དམ་པར་མཐོང་ཤིང་། སྡོད་ཁང་ལེགས་བསྒྱུར་གྱི་མ་དངུལ་བརྩོན་ལེན་བྱས་ཐོག་མངའ་ཁོངས་ཀྱི་སྡེ་བ་སོ་སོར་སྡོད་ཁང་ལེགས་བསྒྱུར་གྱི་ལས་གཞི་མང་བོ་ལག་བསྟར་བྱས་ནས་ཡུལ་ཚོ་ཧྲིལ་བོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བྱུང་ཡོད། ཉེ་བའི་ལོ་འགར་གཉན་ཐོག་ཡུལ་ཚོས་དམངས་ཀྱི་སྡོད་ཁང་མང་བོ་ལེགས་བསྒྱུར་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པས་སྡེ་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་ཆེར་བཏང་ཡོད།སྡེ་མི་ཚོས་ལང་ལོང་སྒོས་བསྟན་དོན། སྡོད་ཁང་རྙིང་བ་ལེགས་བསྒྱུར་བྱས་ཏེ་སྡེ་བའི་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པར་གྱུར་བ་དང་། འཚོ་བ་སྔར་ལས་སྟབས་བདེ་ཡིན་པར་མ་ཟད། བདེ་སྐྱིད་ཀྱི་དམིགས་ཚད་ཀྱང་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར།

དེ་ལས་གཞན་གཉན་ཐོག་ཡུལ་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ཏེ་བཙོག་ཆུ་གཙང་བསྒྱུར་དང་གསང་སྤྱོད་ཁང་གི་བཅོས་བསྒྱུར་སོགས་ཀྱི་བྱེད་ཐབས་ཀྱང་ལག་བསྟར་བྱས་ཏེ་མངའ་ཁོངས་ཧྲིལ་བོར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་གཉན་ཐོག་ཡུལ་ཚོའི་ཆུ་བོ་སྔར་ལས་དྭངས་གཙང་ཡིན་པ་དང་། ས་ཞིང་སྔར་ལས་གཤིན་པོ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལའང་ཕན་ནུས་ལྡན་པར་སྲུང་སྐྱོབ་ཐོབ་ཡོད་པར་མ་ཟད། ག་ས་གང་དུ་བདེ་ཐང་དཔལ་ཡོན་གྱི་དར་སྲོལ་གསར་བ་ཞིག་ཆགས་ཡོད།

ཐོན་ལས་འཕེལ་རྒྱས་ཐད་ནས་གཉན་ཐོག་ཡུལ་ཚོས་ས་གནས་རང་གི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས་དེང་རབས་ཅན་གྱི་ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། ཆུ་མ་སྡེ་བ་ནི་གཉན་ཐོག་ཡུལ་ཚོའི་ཁོངས་གཏོགས་སྡེ་བ་ཡིན་པའི་ཆ་ནས། 2022ལོར་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་དྲུག་ཁྲི་བཞི་བཏང་སྟེ་སྤྱིའི་རྒྱ་ཁྱོན་ས་མུའུ་བཞི་བཅུ་ཡོད་ཅིང་། བཟའ་བཏུང་དང་རོལ་རྩེད། སྤྲོ་གསེང་བཅས་གཞི་གཅིག་ཏུ་གྱུར་བའི་བསེ་ཆུ་ཀུན་དགའ་ཚལ་ཞེས་པའི་ཞིང་བའི་སྤྲོ་སྐྱིད་གླིང་ཞིག་འཛུགས་སྐྲུན་བྱས་ཏེ་ཚོང་གཉེར་བྱས་པ་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་ཅུའུ་ཡིས་སྐར་གསུམ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་བྱེད་སར་གཏན་འཁེལ་བྱས། བསེ་ཆུ་ཀུན་དགའ་ཚལ་དེ་ཚང་ཚིང་སྐྱེད་མོས་ཚལ་གྱིས་ཡོངས་སུ་བསྐོར་ཡོད་ཅིང་བྱ་བྱེའུ་ཡི་གྲེ་འགྱུར་སྙན། མི་ཀུན་ལ་ལྷིང་འཇགས་དང་ཉམས་སྤྲོ་བའི་སྣང་བ་སྨྲ་བརྗོད་ལས་འདས་པ་ཞིག་སྟེར་ཐུབ། ཆེད་ལས་ཞིབ་འཇུག་མི་སྣས་ཀུན་དགའ་ཚལ་དུ་འདབ་ཆགས་རིགས་མི་འདྲ་བ26ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐད། ཆུ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་འབྲུག་ཚེ་རིང་གིས་བཤད་རྒྱུར།

“སྡེ་བའི་ཚོགས་འདུ་ཆེ་ཆུང་གང་ཡིན་རུང་ཏང་གི་སྒྲིག་ཡིག་དང་སྒྲིག་ཁྲིམས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་གྱིས་སློབ་སྦྱོང་བྱས་ཤིང་། ཁྱིམ་ཚང་རེ་རེར་སོང་ནས་འབྲེལ་ཡོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་ཚོའི་ཐུན་རིན་གྲོང་ཁྱེར་ལ་ཡང་སྔར་ལས་ལྷག་པའི་འགྱུར་ལྡོག་མངོན་སུམ་དུ་ཡོད་དེ། དཔེར་ན། སྒྲིག་གཞི་དང་དོ་དམ་ཡོད་པའི་སྤྱི་སྤྱོད་སྤྱོད་ཁང་དང་། ཁོར་ཡུག་དང་འཕྲོད་བསྟེན་ཐད་ནས་དུས་རབས་གསར་པའི་རྣམ་པ་ཡོངས་སུ་མངོན་ཡོད་ལ། ད་ལྟ་སྡེ་བ་རེ་རེའི་ནང་དུ་ཐོན་ལས་ཀྱི་ལས་གཞི་ཡོད་པར་མ་ཟད། སྡེ་བ་སོ་སོའི་རྨང་གཞིའི་འཛུགས་སྐྲུན་སྔོན་དང་སྡུར་ན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་པས། གྲོང་གསེབ་དར་སྤེལ་གྱི་དགོངས་པ་མཐའ་འཁྱོལ་སྒྲུབ་པར་འབད་པ་བྱེད་བཞིན་ཡོད།”

ཆུ་མ་སྡེ་བའི་ཐུན་མོང་ཐོན་ལས་དེའི་ནང་སྡེ་བའི་ཁྱིམ་ཚང་ཚང་མས་མ་རྐང་བཞག་ཡོད་ལ། ཚོང་གཉེར་ལས་ཐོབ་པའི་ཁེ་སྤོགས་མང་ཆེ་བ་སྡེ་བའི་ཁྱིམ་ཚང་སོ་སོར་བགོ་བཤའ་བྱེད་བཞིན་ཡོད་པ་དང་། ཁེ་སྤོགས་ལས་ཅུང་ཙམ་ཐོན་ལས་རྒྱ་བསྐྱེད་ཀྱི་ཕྱོགས་སུ་གཏོང་བཞིན་ཡོད། སྡེ་བའི་ཐུན་མོང་ཐོན་ལས་དེའི་རྗེས་སུ་ཡང་བསྐྱར་ས་གནས་རང་གི་མང་ཚོགས་ཀྱི་དགོས་མཁོའི་དོན་དངོས་གཞིར་བཟུང་ཞིང་། སྡེ་བའི་ཁྱིམ་ཚང་རེ་རེས་སྒོར་སྟོང་གཅིག་གི་མ་རྐང་བཞག་ཡོད་པའི་སྟོན་མོ་དང་ལྷན་འཛོམས་བྱེད་སའི་སྐྱེ་ཁམས་སྤྲོ་སྐྱིད་གླིང་ཞིག་ཀྱང་འཛུགས་སྐྲུན་བྱས་ནས་འགྲུབ་ཡོད་པ་དང་། དེས་ཀྱང་ཆུ་མ་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པར་ནུས་པ་བླ་ལྷག་ཏུ་འདོན་ཐུབ་ངེས་རེད། ཆུ་མ་སྡེ་བའི་སྡེ་མི་འཇིགས་མེད་རྒྱ་མཚོས་བཤད་རྒྱུར།

“གྲོང་གསེབ་དར་སྤེལ་གྱི་ལས་གཞི་མགོ་བརྩམས་ནས་བཟུང་། ང་ཚོའི་ཆུ་མ་སྡེ་བས་ཀྱང2022ལོ་ནས་སྡེ་བའི་ནང་དུ་བསེ་ཆུ་ཀུན་དགའ་ཚལ་ཞེས་པའི་སྤྲོ་གསེང་ཐོན་ལས་ཞིག་གཉེར་བ་ཡིན། འདིའི་ཐད་ནས་ཐོག་མར་སྡེ་བའི་ནང་ཁུལ་དུ་ཚོགས་འདུ་རབ་དང་རིམ་པ་མང་པོ་ཞིག་བརྒྱུད་དེ། སྡེ་མི་ཡོངས་ཀྱི་བསམ་འཆམ་བསྡུ་ལེན་བྱས་ནས་བསེ་ཆུ་ཀུན་དགའ་ཚལ་ཞེས་པའི་སྤྲོ་གསེང་ཐོན་ལས་གཉེར་རྒྱུ་གཏན་ཁེལ་བྱས་པ་རེད། ཐོན་ལས་འདི་གཉེར་བར་སྡེ་བའི་ནང་གི་ཁྱིམ་ཚང་རེ་ནས་སྒོར་སྟོང་གཅིག་དང་མི་རེ་ནས་སྒོར་བརྒྱ་ཡི་མ་རྐང་འཇོག་རྒྱུ་གཏན་ཁེལ་གྱིས་སྡེ་བ་ཡོངས་ཟབ་ཞུགས་བྱས་ཡོད་ཅིང་། ལས་གཞི་འདི་འཛུགས་སྐྲུན་བྱས་ཚར་རྗེས། མི་གཞན་ལ་གླ་གཏོང་གན་རྒྱ་བཞག་ནས་ལོ་རེར་སྡེ་བའི་ཡོང་སྒོ་སྒོར་འབུམ་གཉིས་ལྷག་ལེན་ཐུབ་པར་མ་ཟད། ཡོང་སྒོ་དེ་ལོ་དེའི་ནང་ཕྱིར་སྡེ་མི་ཡོངས་ལ་བགོ་བཞིན་ཡོད། ད་ལོར་སྡེ་བའི་ནང་དུ་སྐྱེ་ཁམས་སྤྲོ་སྐྱིད་གླིང་ཞེས་པ་ཞིག་གསར་འཛུགས་བྱས་ནས་ཡོངས་སུ་འགྲུབ་ཡོད་ལ། མི་འགྱངས་བར་གཞན་ལ་གླ་གཏོང་བྱས་ཏེ་དཔལ་འབྱོར་གྱི་ཡོང་སྒོ་བཙལ་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད། བྱེད་ཐབས་འདི་རིགས་ལས་ཆུ་མ་སྡེ་བའི་དཔལ་འབྱོར་གོང་འཕེལ་ཐད་ལ་སྔོན་ཆད་དང་མི་འདྲ་བའི་བགྲོད་ལམ་ཡངས་པོར་ཕྱེས་ཡོད་པ་ཤེས་ཐུབ།”

གཉན་ཐོག་ཡུལ་ཚོས་དམངས་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པ་ལས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། སྡེ་མིར་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་དང་ཡོང་འབབ་འཕར་བའི་ཐབས་ལམ་འདོན་སྤྲོད་བྱས་ཡོད། དེའི་ཞོར་དུ་གཉན་ཐོག་ཡུལ་ཚོས་མཁར་གྲོང་གི་གསར་བསྒྱུར་དང་མཛེས་བསྒྱུར་བྱ་བར་དོ་སྣང་བྱས་པས། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད། ད་ལྟའི་གཉན་ཐོག་ཡུལ་ཚོ་དེ་འཚོ་སྡོད་ལས་སྐྲུན་བྱེད་པར་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་ཅིག་ཏུ་གྱུར་ཡོད་ལ། རྗེས་ཕྱོགས་སུ་ཡུལ་ཚོ་དེས་མུ་མཐུད་དུ་དམངས་ལ་དོན་དངོས་བསྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་ཆད་མེད་པར་དམངས་འཚོའི་ཕན་བདེའི་ཆུ་ཚད་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་ངེས་རེད།

གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།