རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ཆུ་ལུང་སྡེ་བས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ཆུ་ལུང་ཞེས་པའི་མུ་མཐའ་བྲལ་བའི་རྩྭ་ཐང་ཆེན་མོའི་འཕང་བར་ལྷིང་འཇགས་ཀྱིས་འཚོ་བའི་སྡེ་བ་དེས་ཉེ་སྔོན་སྡེ་སྡོད་ཧྲུའུ་ཅི་དང་པོ་ལན་ཧའེ་ཅུན་གྱིས་རྫོང་དྲིལ་སྒྲོག་པུའུ་སོགས་ལ་འབྲེལ་གཏུག་བྱས་ཏེ་རྩ་འཛུགས་བྱས་འོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས། ལན་ཧའེ་ཅུན་ནི་ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་རྫོང་སྨྱན་སྦྱོར་ལྟེ་གནས་ནས་གཞི་རིམ་དུ་སོང་སྟེ་སྡེ་སྡོད་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་དུ་བླངས་པ་རེད། ཁོས་རང་དཔེ་གཞན་སྟོན་བྱས་ཏེ། ཆུ་ལུང་སྡེ་བ་ཧྲིལ་བོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་པར་བྱས་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར།

སྟོན་གྱི་རང་མདངས་མངོན་པའི་ཟླ་དགུ་བའི་ཟླ་མགོར། ཆུ་ལུང་སྡེ་བའི་སྡེ་མི་རྣམས་ཀྱིས་ཤེས་བྱར་བཅངས་པའི་རེ་འདུན་དང་མ་འོངས་པའི་སྨོན་འདུན་ཁྱེར་ནས་ལང་ལོང་སྒོས་རྩྭ་ཐང་ཡངས་པོའི་གཞི་རུ་ལྷན་དུ་འཛོམས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོའི་གསོན་ཉམས་ལྡན་ཞིང་གཏིང་ཟབ་པའི་སྒྲོག་འགྲེལ་ལས་སློབ་སྦྱོང་བྱ་འགུལ་གྱི་ཡོལ་བ་དངོས་སུ་ཕྱེས། སྡེ་སྡོད་ཧྲུའུ་ཅི་དང་པོས་ཆུ་ལུང་སྡེ་བའི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་དམ་ཟབ་བྱས་ཤིང་། གོ་བདེ་བའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲོད་ཀྱི་གཞུང་ལུགས་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན། བྱ་བའི་བཀོད་སྒྲིག་གལ་ཆེན་བཅས་རེ་རེ་བཞིན་དུ་གསལ་འགྲེལ་རྒྱས་བཤད་བྱས་ཏེ། སྡེ་མི་ཚོར་གོ་བ་ལོན་ཐུབ་པ་དང་དངོས་འབེབས་བྱེད་ཐུབ་པར་བྱས། ཆུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལན་ཧའེ་ཅུན་གྱིས་བཤད་རྒྱུར།

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོར་བྱས་ཤིང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཏང་ཡོན་རྩ་འཛུགས་བྱས་ནས་གཅིག་བསྡུས་སློབ་སྦྱོང་བྱས་པ་དང་། ཁྱིམ་ཚང་སོ་སོར་སོང་ནས་དྲིལ་སྒྲོག་བྱེད་པའི་ཐབས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྡེ་མི་སོ་སོར་ཤེས་སུ་བཅུག་སྟེ། ཚང་མའི་ཐུན་མོང་ལྟ་ཚུལ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། དོན་དངོས་ཀྱི་བྱ་བའི་ཁྲོད་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། ཚང་འཛོམས་གྲོས་ཚོགས་ནས་བཏོན་པའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་རེ་བ་གཞིར་བཟུང་ཞིང་། ཆུ་ལུང་སྡེ་བའི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ང་ཚོས་སྡེ་བ་རང་ལ་འཚམ་པའི་ཁྱད་ལྡན་ཐོན་ལས་འཚོལ་ཞིབ་བྱས་པ་ཡིན། དེའི་ཞོར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་གཞིར་བཟུང་ནས། ང་ཚོས་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་། སྡེ་མི་དག་སྡེ་བའི་ལས་དོན་ཁྲོད་ཞུགས་སུ་བཅུག་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཆུ་ལུང་སྡེ་བ་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན།"

སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། སྡེ་སྡོད་ཧྲུའུ་ཅི་དང་པོས་མང་ཚོགས་བར་གྱི་བརྗེ་རེས་ལ་ལྷག་ཏུ་དོ་སྣང་བྱས་པ་དང་། སྡེ་མི་ཚོས་རང་ཉིད་ཀྱི་དོགས་གཞི་དང་ལྟ་ཚུལ་འདོན་དགོས་པའི་སྐུལ་མ་བཏང་། ཁོས་སེམས་གནད་ལ་ཕབ་ནས་གནད་དོན་རེ་རེ་བཞིན་ལན་བཏབ་པ་དང་། གསོན་ཉམས་ལྡན་པའི་དཔེ་འདྲེན་དང་དཔེ་འཇོག་བྱས་ནས། སྡེ་མི་དག་གིས་སྔར་ལས་ལྷག་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་གཏིང་ཟབ་པའི་ནང་དོན་དང་དོན་སྙིང་གལ་ཆེན་རྒྱུས་ལོན་བྱེད་པར་རོགས་རམ་བྱས། སྡེ་མི་ཚོས་ལང་ལོང་སྒོས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་བརྒྱུད་དེ། བློ་རྒྱ་བསྐྱེད་པར་མ་ཟད་ལས་སྐྲུན་གྱི་བརྩེ་སེམས་དང་ཡིད་ཆེས་སྐུལ་སྤེལ་བྱས་ཡོད་ཟེར། ཆུ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་བཤད་རྒྱུར།

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ།སྡེ་མི་ཡོངས་དང་ལྷན་དུ་འབད་བརྩོན་བྱས་ནས་ཐོན་ལས་འཕེལ་རྒྱས་དང་ཡུལ་སྲོལ་ཡ་རབས་ཚུལ་ལྡན་དུ་གཏོང་བ། འབྱོར་ཕྱུག་མཛེས་སྡུག་ལྡན་པའི་སྡེ་བ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན།”

སློབ་སྦྱོང་གི་གྲུབ་འབྲས་དེ་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ཆེད། སྡེ་སྡོད་ཧྲུའུ་ཅི་དང་པོ་ལན་ཧའེ་ཅུན་གྱིས་ཆུ་ལུང་སྡེ་བས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱེད་པར་རྩ་འཛུགས་བྱས་པ་དང་། སྡེ་བའི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས་བཅས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་བྱ་བའི་འཆར་གཞི་དང་ལག་བསྟར་ཇུས་གཞི་ཞིབ་རྒྱས་གཏན་འབེབས་བྱས། དེའི་ཞོར་དུ་ཁོས་ད་རུང་ཕྱོགས་སོ་སོའི་ཐོན་ཁུངས་མཐུན་སྦྱོར་བྱས་ནས། ཆུ་ལུང་སྡེ་བའི་འཕེལ་རྒྱས་ཆེད་དུ་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས། ཆུ་ལུང་སྡེ་བའི་སྡེ་མི་རྟ་མགྲིན་ཚེ་རིང་གིས་བཤད་རྒྱུར།

“ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་པ་ལས།མང་ཚོགས་རྒན་གཞོན་ཚང་མ་ཡིད་འཐད་བྱུང་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་བཟང་པོར་གོ་བ་ཡང་དག་ལོན་ནས་སེམས་བདེ་བར་གནས་ཡོད།”

ཆུ་ལུང་སྡེ་བའི་སྡེ་མི་ཆོས་མོ་མཚོ་ཡིས་བཤད་རྒྱུར།

“གྲོས་ཚོགས་ཀྱི་དགོངས་དོན་འདི་ལྟར་དྲིལ་བསྒྲགས་བྱས་ན།ང་ཚོ་མང་ཚོགས་རྣམས་ཀྱིས་ཀྱང་དམངས་ལ་ཕན་པའི་ལས་དོན་གང་མང་ཞིག་བསྒྲུབས་བཞིན་པ་ཤེས་ཐུབ།”


སྡེ་སྡོད་ཧྲུའུ་ཅི་དང་པོ་ལན་ཧའེ་ཅུན་གྱི་སྣེ་ཁྲིད་འོག ཆུ་ལུང་སྡེ་བའི་སློབ་སྦྱོང་བྱ་འགུལ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། སྡེ་མི་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་དང་གོ་བ་ཟབ་མོ་ལོན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་འབད་འཐབ་དང་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་སོང་། སྡེ་མི་ཚོས་སྔར་ལས་ལྷག་པའི་བརྩེ་བ་ཟབ་མོ་དང་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་བཟང་བོས་གྲོང་གསེབ་དར་སྤེལ་གྱི་རླབས་ཆེན་ལག་ལེན་ཁྲོད་དུ་ཞུགས་ནས། འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་ཆུ་ལུང་སྡེ་བ་འཛུགས་སྐྲུན་བྱེད་པའི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་ཡིད་ཆེས་བཅངས་ཡོད།


གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།