རྨ་ལྷོ་སོག་རྫོང་མདོ་གསུམ་ཡུལ་ཚོའི་ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་ཤ་སྐམ་གྱི་ཐོན་ལས་ལ་བརྟེན་ནས་མང་ཚོགས་འབྱོར་ཕྱུག་ལམ་དུ་ཁྲིད།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཡུལ་ཚོའི་ཤར་ཏ་བ་སྡེ་བར། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་ཐུན་མོང་མ་ཡིན་པའི་ཤ་སྐམ་ཐོན་ལས་ཀྱིས་ས་དེའི་མང་ཚོགས་དག་འབྱོར་ཕྱུག་གི་ལམ་དུ་ཁྲིད་བཞིན་ཡོད། མཉམ་ལས་ཁང་དེ2012ལོར་བཙུགས་པའི་ཚུན་ལ། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་པར་མ་ཟད། ཐོན་ལས་གསར་གཏོད་དང་ཚོང་རའི་རྒྱ་བསྐྱེད་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། གྲོང་གསེབ་དར་སྤེལ་གྱི་མིག་དཔེ་ལྟ་བུར་གྱུར་ཡོད།

ཤ་རི་ཏ་བ་སྡེ་བ་དེ་འཁྱག་གྲང་ཆེ་ཞིང་དབྱང་དབུགས་དཀོན་པའི་མཐོ་སྒང་གི་གཞི་རུ་ཆགས་ཡོད་པ་དང་། ཕུན་སུམ་ཚོགས་པའི་ལྷད་མེད་སྐྱེ་ལྡན་ཕྱུགས་ལས་ཀྱི་ཐོན་ཁུངས་ཡོད་ལ། ཁྱད་པར་དུ་ནོར་གནག་གི་ཐོན་ཁུངས་དེ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་ཁྱད་སྟོབས་དེ་བེད་སྤྱོད་གང་ལེགས་བྱས་ཏེ་ཤུགས་ཆེན་པོས་ཤ་སྐམ་ཐོན་ལས་འཕེལ་རྒྱས་སུ་བཏང་། ཐེན་ཅིན་ཚན་རྩལ་སློབ་ཆེན་གྱི་ཆེད་མཁས་པའི་ལག་རྩལ་རྒྱབ་སྐྱོར་འོག མཉམ་ལས་ཁང་དེས་སྲོལ་རྒྱུན་གྱི་ཤ་སྐམ་ལས་སྣོན་བྱེད་པའི་ལག་རྩལ་སོར་འཇོག་བྱས་པར་མ་ཟད། བྲོ་བ་མི་འདྲ་བའི་ཤ་སྐམ་རིགས་སྣ་མང་བོ་གསར་སྤེལ་བྱས་ནས། འཛད་སྤྱོད་པའི་དགོས་མཁོ་མི་འདྲ་བ་ཡིད་བཞིན་དུ་བསྐངས། ཐོན་རྫས་གསར་བ་དེ་དག་ས་གནས་རང་གི་ཚོང་རར་ཧ་ཅང་བྲིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཚོང་ར་ཆེན་མོ་དང་གློག་རྡུལ་ཚོང་དོན་སྟེགས་བུར་ཞུགས་ཏེ། ཕྱིར་འཚོང་གི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་བྱས་ཡོད། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མི་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར།

“ཐོར་ཝོད་རྟགས་ཅན་གྱི་ཤ་སྐམ་ཐོན་རྫས་མཉམ་ལས་ཁང་འདི2011ལོར་བཙུགས་ཤིང་། 2015ལོར་དངོས་སུ་ལས་མགོ་བརྩམས་པ་ཡིན། ཁ་སང་དེ་རིང་གི་དུས་འདིར་ང་ཚོའི་ཤ་སྐམ་ཐོན་རྫས་འདི་ལེགས་འགྲུབ་བྱུང་ནས་སྡེབ་ཚོང་ཁང་སོགས་ཚོང་ར་གང་རུང་ལ་འགྲེམ་ཆོག་པའི་ཡི་གེ་ཁ་ཚང་བླངས་ཡོད། སྔོན་ཆད་ཤ་སྐམ་ཐོན་རྫས་དེ་སྲོལ་རྒྱུན་གྱི་བསིལ་སྐམ་རང་བཞིན་གྱིས་ལས་པ་ཡིན་ཞིང་། རྗེས་སུ་ཐོན་རྫས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཚོང་ར་གང་རུང་ལ་ཕྱིར་འཚོང་བྱེད་ཆོག་པའི་ཡི་གེ་བླངས་ནི་རེད། ད་སྐབས་སྔོན་དང་མི་འདྲ་ས་ཞིག་ནི། གློག་གིས་སྐམ་ནས་ལས་བཞིན་ཡོད་པས་ཕྱིར་འཚོང་ཆོག་མཆན་གྱི་ཁག་ཐེག་ཐོབ་ཡོད། མིག་སྔར། ཞིང་ཆེན་ནང་ཁུལ་དང་པེ་ཅིང་དང་ཐེན་ཅིན་སོགས་སུའང་ཕྱིར་འཚོང་ཐུབ་ཀྱིན་ཡོད་ཅིང་། ཞིང་ཆེན་ནང་ཁུལ་ནས་མགོ་ལོག་དང་ཡུའུ་ཧྲུའུ། རྨ་ལྷོ་ཁུལ་གྱི་ས་ཆ་སོ་སོ་རུ་འགྲེམ་འཚོང་བྱེད་བཞིན་པའི་སྒང་ཡིན།”

2020ལོའི་ལོ་མགོར། རྨ་ལྷོ་སོག་རྫོང་སྲིད་གཞུང་དང་ཐེན་ཅིན་ཚན་རྩལ་སློབ་ཆེན་གྱིས་མཉམ་འབྲེལ་སྒོས་ལྷད་མེད་སྐྱེ་ལྡན་ཐོན་རྫས་ཞིབ་འཇུག་ཁང་བཙུགས་པའི་ཚུན་ལ། ཚན་རྩལ་རོགས་སྐྱོར་དེ་ས་གནས་ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར། ཞིབ་འཇུག་ཁང་དེས་ཐེན་ཅིན་ཚན་རྩལ་སློབ་ཆེན་གྱི་འཇོན་མིའི་ཁྱད་སྟོབས་དང་ཚན་ཞིབ་ལག་རྩལ་ལ་བརྟེན་ནས། མཉམ་ལས་ཁང་ལ་ཕྱོགས་ཡོངས་ནས་ལག་རྩལ་རྒྱབ་སྐྱོར་བྱས། ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་ནས་ཐོན་སྐྱེད་ལས་རིམ་གྱི་རིམ་འཕར། དེ་ནས་ཚོང་རའི་ཕྱིར་འཚོང་འཐབ་ཇུས་ཀྱི་གཏན་འབེབས་བར་དུ། ཚན་རྩལ་གྱི་སྟོབས་ཤུགས་དེས་མཉམ་ལས་ཁང་གི་ཐོན་རྫས་སྔར་ལས་སྣ་མང་ཅན་དང་སྤུས་ལེགས་ཅན་དུ་འགྱུར་བར་བྱས་ཡོད། ཁྱད་པར་དུ་ཤ་སྐམ་གྱི་ཐོན་སྐྱེད་ལག་རྩལ་ལ་དམིགས་ནས་ཆེད་མཁས་པ་ཚོས་རྟོག་ཞིབ་ཟབ་མོ་བྱས་ནས་ལག་རྩལ་བཅོས་བསྒྱུར་བྱས་པས། ཐོན་རྫས་དེ་དེང་རབས་ཀྱི་འཛད་སྤྱོད་པའི་བདེ་ཐང་དགོས་མཁོ་དང་བྲོ་བའི་དགའ་ཕྱོགས་ལ་འཚམ་པར་བྱས།

ཤ་སྐམ་ཐོན་ལས་དེ་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་དེ་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མཉམ་ལས་ཁང་གིས་མང་ཚོགས་དག་ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་སོགས་ཀྱི་ལས་རིམ་སོ་སོར་ཟབ་ཞུགས་བྱེད་དུ་བཅུག་སྟེ། འབྲོག་པ་མང་ཚོགས་ལ་ཁེ་ཕན་མི་དམན་པ་བསྐྲུན་ཡོད། དེའི་ཞོར་དུ་མཉམ་ལས་ཁང་གིས་ད་རུང་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་ལག་རྩལ་བྱེད་ཐབས་སློབ་སྦྱོང་བྱས་ནས་ཐོན་སྐྱེད་རྩལ་ནུས་དང་ཚོང་གཉེར་ཆུ་ཚད་མཐོར་འདེགས་བཏང་། མཉམ་ལས་ཁང་གི་སྐུལ་ཁྲིད་འོག་ཏུ་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མཐོར་སོང་བ་དང་འཚོ་བར་ཡང་འགྱུར་ལྡོག་མངོན་གསལ་བྱུང་ཡོད། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གི་ལས་གཉེར་པ་གསང་བདག་སྐྱབས་ཀྱིས་བཤད་རྒྱུར།

“ངའི་འགན་འཁྲི་གཙོ་བོ་ཡིན་ན་ཤ་སྐམ་ལས་སྣོན་དང་ཚོང་རར་འགྲེམ་སྤེལ་བྱེད་རྒྱུ་དེ་ཡིན།སྔོན་ཆད་ང་ཚོའི་ཤ་སྐམ་འདི་སྲོལ་རྒྱུན་བསིལ་སྐམ་རང་བཞིན་གྱིས་ཚོང་རར་འགྲེམ་སྤེལ་བྱས་པ་རེད། 2023ལོ་ནས་བཟུང་ཐེན་ཅིན་ཚན་རྩལ་སློབ་ཆེན་གྱི་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ། ཤ་སྐམ་ལས་སྣོན་དང་ཤ་སྐམ་སྡེབ་སྒྲིག་སོགས་ཕྱོགས་ལ་སློབ་སྦྱོང་བྱས་ནས་རྣམ་པ་གསར་པའི་སྒོ་ནས་ཚོང་རར་འགྲེམ་སྤེལ་བྱེད་ཐུབ་སོང་། 2024ལོ་འདིར་ཚོང་རའི་འགྲེམ་སྤེལ་ཚོགས་འདུ་བཅུ་ཕྲག་ལྷག་ལ་ཞུགས་པའི་གོ་སྐབས་རེག་པས། འདིའི་ཐད་ནས་སློབ་སྦྱོང་དང་ཉམས་མྱོང་གང་མང་ཞིག་བསགས་ཐུབ་སོང་།”

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཁྲིད་སྟོན་འོག་ཏུ། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པར་ཁག་ཐེག་བྱས། ཤ་སྐམ་གྱི་ཐོན་ལས་ལས་གཞན། མཉམ་ལས་ཁང་དེས་ད་རུང་སྒོ་ཕྱུགས་ཀྱི་རྒྱུད་སྤེལ་དང་ཕྱུགས་ལས་ཐོན་རྫས་གཞན་པའི་ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་། དེ་མིན་སྐྱེ་ལྡན་གཟན་རྩྭའི་འདེབས་འཛུགས་སོགས་ཀྱི་ཐོན་ལས་ཀྱང་གཉེར་བཞིན་ཡོད། སྣ་མང་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་མཉམ་ལས་ཁང་དེས་རང་སྟེང་གི་ཚོང་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་བར་མ་ཟད། ས་གནས་རང་གི་འབྲོག་པ་མང་ཚོགས་ལའང་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་དང་ཡོང་འབབ་འཕར་བའི་ཐབས་ལམ་འདོན་སྤྲོད་བྱས་ཡོད། ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མི་ཚེ་རིང་བཀྲ་ཤིས་ཀྱིས་མུ་མཐུད་དུ་བཤད་རྒྱུར།

“ཡོང་སྒོའི་ཐད་ནས་བཤད་ན།ན་ནིང་སྟེ2023ལོར་མང་ཚོགས་ལ་ཐད་ཀར་དུ་བགོ་བཤའ་བྱས་པ་ཞིག་ལ་ཐོན་རྫས་རྐྱང་བའི་ཡོང་སྒོ་སྒོར་འབུམ་བཞི་དང་ཁྲི་དྲུག་ལྷག་ཡོད་ཅིང་། དོ་ཚིགས་ཕྱིར་འཚོང་བྱས་པའི་ཐད་ནས་བཤད་ན། 2024ལོར་འགྲེམ་སྤེལ་དང་ཕྱིར་འཚོར་བྱས་པའི་ཡོང་སྒོ་དེ་སྔོན་དང་བསྡུར་ན་གོང་འཕེལ་དུ་ཕྱིན་ནས། ད་བར་དུ་སྒོར་འབུམ་ལྔ་དང་ཁྲི་དྲུག་གི་ཡོང་སྒོ་བགོ་རྒྱུ་ཡོད། ལས་བཟོ་བའི་ཕྱོགས་ནས་བཤད་ན་རང་སྡེ་བའི་ནང་གི་དབུལ་སྐྱོར་ཁྱིམ་ཚང་ལས་བདམས་པ་དང་། བསྡོམས་པས་ས་གནས་ཀྱི་མི་དགུ་བསྡུ་ལེན་བྱས་ཡོད། ཁོ་ཚོའི་གླ་ཕོགས་ཡང་མཉམ་ལས་ཁང་གིས་སྟེར་བཞིན་ཡོད་ལ། ལས་བཟོ་བ་རེར་ཟླ་རེའི་ནང་སྒོར་སྟོང་གཉིས་དང་ལྔ་བརྒྱ་ཙམ་ཡོད་ཅིང་། ཐོན་སྐྱེད་རིན་ཐང་ཇེ་མཐོར་སོང་བ་བསྟུན་ནས་ལས་བཟོ་བའི་གླ་ཕོགས་ལའང་འགྱུར་བ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། ད་ལོ་ནས་བཟུང་ང་ཚོའི་ཐོན་སྐྱེད་ཁ་ཕྱོགས་དང་ཕྱིར་འཚོང་ཁ་ཕྱོགས་རྒྱ་ཇེ་ཆེར་སོང་ཡོད་དེ། དྲ་ལམ་ནས་ཕྱིར་འཚོང་བྱེད་པ་སོགས་ཀྱི་གན་རྒྱ་བཞག་ཡོད་པས། ཐོན་སྐྱེད་གྲངས་ཀ་སྔར་ལས་ཇེ་མང་དུ་སོང་ནས་ལས་བཟོ་བས་མི་འདང་བས་ལས་མི་ཉི་ཤུ་ལྷག་བསྡུ་རྒྱུའི་འཆར་གཞི་ཡོད།”

མ་འོངས་པར་ཤ་རི་ཏ་བ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་གིས་མུ་མཐུད་དུ་ལྷད་མེད་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཚན་རྩལ་གསར་གཏོད་དང་ཚོང་རའི་དགོས་མཁོའི་ཁ་ཕྱོགས་ལ་བསྟུན་ནས། ཐོན་ལས་རིམ་འཕར་དང་ཚོང་ར་རྒྱ་བསྐྱེད་པའི་ཕྱོགས་སུ་འབད་འབུངས་བྱེད་པ་དང་། དེའི་ཞོར་དུ་མཉམ་ལས་ཁང་དེས་ད་རུང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྔར་ལས་མང་བའི་འབྲོག་པ་མང་ཚོགས་དག་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ནས། གྲོང་གསེབ་དར་སྤེལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་ལོན་ཐུབ་པར་ཡིད་ཆེས་ཡོད།


གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།