ཐེན་ཅིན་གྱིས་རོགས་འཛུགས་བྱས་པའི་ཧོར་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་འབྲོག་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

རྩེ་ཁོག་རྫོང་ཧོར་གྲོང་རྡལ་དུ། ཐེན་ཅིན་གྲོང་ཁྱེར་གྱིས་རོགས་འཛུགས་བྱས་པའི་དམངས་འཚོའི་བཟོ་སྐྲུན་ཏེ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་ནི་བསིལ་འཇམ་གྱི་སྟོན་རླུང་དང་འདྲ་བར་འབྲོག་པ་མང་ཚོགས་ཀྱི་སེམས་སུ་བདེ་བའི་དཔལ་གྱིས་ཁྱབ་པར་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྔར་མེད་ཀྱི་སྟབས་བདེ་དང་རེ་བ་སྦྱིན་ཡོད།

ཐེན་ཅིན་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་དང་དུ་བླངས་ཤིང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། རོགས་འཛུགས་བྱ་བ་དེ་ཧོར་གྲོང་རྡལ་གྱི་དོན་དངོས་དགོས་མཁོ་དང་གནད་འཁེལ་སྦྲེལ་མཐུད་བྱས་པ་ཡིན་ལ། རོགས་འཛུགས་ཀྱི་མིག་ཟུང་ཧོར་གྲོང་རྡལ་ཞེས་པའི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་རང་བྱུང་མཛེས་སྡུག་ཁྱད་དུ་འཕགས་ཀྱང་རྨང་གཞིའི་སྒྲིག་ཆས་ལྟོས་བཅས་ཀྱིས་ཞན་པའི་ས་ཁུལ་དེར་གཏད་པ་རེད། སེམས་ཞིབ་མོས་འཆར་འགོད་དང་གྲ་སྒྲིག་བྱས་པ་བརྒྱུད་དེ་བྱེད་ནུས་མང་བོ་གཞི་གཅིག་ཏུ་གྱུར་བའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ཞིག2023ལོར་ཧོར་གྲོང་རྡལ་ནས་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་། ས་དེའི་མང་ཚོགས་ཀུན་གྱི་མིག་གི་མཛེས་རྒྱན་དུ་གྱུར་ཡོད་ལ། དམངས་ཕན་ཞབས་ཞུའི་ཚོམས་ཆེན་རོགས་འཛུགས་བྱས་པ་ནི་ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན། ཧོར་གྲོང་རྡལ་ཏང་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུན་དབྱང་གིས་བཤད་རྒྱུར།

“ཧོར་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་ནི་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱིས་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས2023ལོར་རོགས་འཛུགས་བྱས་པ་དང་། ད་ལོའི་ཟླ་བདུན་པར་དངོས་སུ་བེད་སྤྱོད་བྱས། དམངས་ཕན་ཞབས་ཞུ་ཚོམས་ཆེན་འདིའི་བྱེད་ནུས་ཀུན་འདུས་དང་བཀོད་སྒྲིག་ལུགས་མཐུན་ཡིན། དེ་མིན་མི་གཤིས་ཅན་དང་རིག་ནུས་ཅན་གྱི་ཇུས་འགོད་གྲུབ་ཆ་འདྲེས་པར་བྱས་ཡོད། ད་ལྟ་ཚོམས་ཆེན་འདིར་ཕྱུགས་ལས་ཆུ་བེད་དང་། དབུལ་སྐྱོར་ལས་ཞུགས། སྨན་བཅོས་འགན་སྲུང་སོགས་སྒེའུ་ཁུང་བརྒྱད་བཀོད་སྒྲིག་བྱས་ནས་དམངས་ལ་བྱ་བ་བསྒྲུབ་བཞིན་ཡོད། དམངས་ཕན་ཚོམས་ཆེན་འདི་འགྲུབ་པ་ལས་ང་ཚོའི་བྱ་བའི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱས་ཤིང་། ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་ནས་མང་ཚོགས་ལ་སྔར་ལས་སྟབས་བདེ་བཟོས་ཡོད།”

དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་འགྲུབ་པ་ལས་ཧོར་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱི་དོན་དག་བསྒྲུབ་དཀའ་བ་དང་དལ་བའི་གནས་ཚུལ་རྩ་བ་ནས་བསྒྱུར་ཡོད། ཚོམས་ཆེན་དེར་རིགས་སྣ་ཚོགས་ཀྱི་ཞབས་ཞུའི་སྒེའུ་ཁུང་གོ་རིམ་ལྡན་པར་ཡོད་ཅིང་། ཁྱིམ་ཐོའི་དོ་དམ་དང་སྨན་བཅོས་འགན་སྲུང་། ཞིང་ཕྱུགས་ལས་ཀྱི་ལག་རྩལ་ཞབས་ཞུ། བཅའ་ཁྲིམས་བློ་འདྲི་སོགས་ཁྱབ་ཁོངས་མང་བོར་ཁེབས་ཡོད་པས། སྒོ་གཅིག་གི་ནང་དུ་འཛུལ་རྗེས་དོན་དག་ཚང་མ་བསྒྲུབ་ཐུབ་པ་དངོས་སུ་མངོན་འགྱུར་བྱུང་ཡོད་ལ། འབྲོག་དམངས་ཀྱི་དུས་ཚོད་དང་རྩོལ་བ་གྲོན་ཆུང་བྱས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་ཆེད། དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་ད་རུང་རིག་ནུས་ཅན་གྱི་གཞུང་སྒྲུབ་མ་ལག་ནང་འདྲེན་བྱས་ཡོད། གློག་རྡུལ་འཆར་བརྙན་དང་རང་བདག་ཞབས་ཞུའི་མ་ལག་སོགས་མཐོ་གསར་ཚན་རྩལ་སྒྲིག་ཆས་ལ་བརྟེན་ནས། འབྲོག་པ་མང་ཚོགས་ཀྱིས་སྔར་ལས་ལྷག་པར་བྱེད་སྒོའི་བསྒྲུབ་རིམ་ལ་རྒྱུས་ལོན་ཐུབ་པར་བྱས་པ་དང་། ཆ་འཕྲིན་མྱུར་མོར་རྩད་འདྲི་དང་ཉར་འཇོག་བྱེད་པ་མངོན་འགྱུར་བྱུང་། དེའི་ཞོར་དུ་ཞབས་ཞུའི་ཚོམས་ཆེན་དེར་ཆེད་ལས་ཀྱི་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ཏེ། འབྲོག་པ་མང་ཚོགས་ལ་སེམས་ཞིབ་མོས་ཁྲིད་སྟོན་དང་རོགས་རམ་བྱེད་དུ་བཅུག་སྟེ། དེར་ཡོང་བའི་འབྲོག་པ་མང་ཚོགས་ཚང་མར་ལས་ཆོད་ཆེ་བ་དང་སྟབས་བདེ་ཡིན་པའི་ཞབས་ཞུ་ཉམས་སུ་མྱོང་དུ་བཅུག་ཡོད། ཧོར་གྲོང་རྡལ་དཔལ་མཁར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གནམ་ལྷ་རྒྱལ་གྱིས་བཤད་རྒྱུར།

“དམངས་ཕན་ཞབས་ཞུ་ཚོམས་ཆེན་འདིར་ཐེན་ཅིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས་འཛུགས་སྐྲུན་བྱས་ཤིང་།འདིར་མང་ཚོགས་ལ་ཕན་པའི་ལས་ཁུངས་གང་མང་ཞིག་ཡོད་དེ། རྒན་གསོ་དང་ཉེན་སྲུང་། སྨན་བཅོས་འགན་སྲུང་། དམངས་སྲིད་ཅུའུ་སོགས་དགོས་མཁོ་དང་བསྟུན་པར་བཀོད་སྒྲིག་བྱས་ཡོད་པས་མང་ཚོགས་ལ་སྟབས་བདེ་དང་ཕན་པ་གང་མང་ཞིག་བཟོས་ཡོད། མང་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་དགོས་མཁོ་གནས་གཅིག་ནས་སྐོང་ཐུབ་པར་བྱས་པས་ཐེན་ཅིན་གྲོང་ཁྱེར་གྱིས་རོགས་འཛུགས་བྱས་པར་མང་ཚོགས་ཀྱིས་དགའ་བསུ་དང་བཀའ་དྲིན་ཞུ་བཞིན་ཡོད།”

དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་ད་ལོའི་ཟླ་བདུན་པར་དངོས་སུ་བེད་སྤྱོད་བྱས་པས། ཧོར་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱིས་དེར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཞབས་ཞུའི་ཚོམས་ཆེན་དེ་འགྲུབ་པ་ལས་འབྲོག་པ་མང་ཚོགས་ལ་སྔར་མེད་ཀྱི་སྟབས་བདེ་དང་དྲོད་ཁོལ་མྱོང་དུ་བཅུག་ཡོད་སྟབས་ཁོ་ཚོས་ཐེན་ཅིན་གྱིས་རོགས་འཛུགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཧོར་གྲོང་རྡལ་གཡང་འཁྱིལ་སྡེ་བའི་སྡེ་མི་བསོད་ནམས་བཀྲ་ཤིས་ཀྱིས་བཤད་རྒྱུར།

“སྔོན་ཆད་མང་ཚོགས་ཞིག་གིས་བྱ་བ་ཞིག་སྒྲུབ་དགོས་ཚེ།ལས་ཁུངས་སོ་སོ་རེ་རེ་བཞིན་བཙལ་ནས་བསྒྲུབ་དགོས་པ་རེད། ད་བར་དམངས་ཕན་ཚོམས་ཆེན་འདིར་གཅིག་སྡུས་ཀྱིས་མང་ཚོགས་ཀྱི་བྱ་བ་གང་ཞིག་གནས་གཅིག་ནས་སྒྲུབ་ཐུབ་པར་བརྟེན་དམངས་ལ་དོན་དངོས་སུ་ཕན་ཐོགས་བཞིན་ཡོད།”

དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་བེད་སྤྱོད་བྱས་པ་དང་བསྟུན་ནས། ཧོར་གྲོང་རྡལ་གྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་བ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱང་སྔར་ལས་ཇེ་མཐོར་སོང་ཡོད། མ་འོངས་པར་ཐེན་ཅིན་གྲོང་ཁྱེར་གྱིས་མུ་མཐུད་དུ་ཧོར་གྲོང་རྡལ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དམངས་འཚོའི་ལེགས་བཅོས་རྣམ་གྲངས་སྔར་ལས་མང་བོ་མཉམ་དུ་འཚོལ་ཞིབ་བྱས་ཐོག་ཧོར་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་ཐུབ་ངེས་རེད། ཧོར་གྲོང་རྡལ་ཤ་ལ་སྡེ་བའི་སྡེ་མི་པདྨ་འཕྲིན་ལས་ཀྱིས་བཤད་རྒྱུར།

“ང་ཚོའི་ཧོར་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་གྱིས་ད་ལོའི་ཟླ་བདུན་པའི་ནང་ནས་བཟུང་དངོས་སུ་ལས་སྒྲུབ་བྱེད་མགོ་བརྩམས་པ་རེད།འདིར་ལས་ཁུངས་སོ་སོའི་ཁ་གཏད་ཀྱི་བྱ་བ་སྒྲུབ་ས་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཡོད་པས། མང་ཚོགས་ཀྱི་བྱ་བ་གང་མང་ཞིག་ཚོམས་ཆེན་འདི་ནས་སྒྲུབ་ཐུབ་པར་བརྟེན། ངེས་དོན་གྱི་དམངས་ཕན་ལས་དོན་སྒྲུབ་ས་ཞིག་ཏུ་གྱུར་ཡོད།”

ཐེན་ཅིན་གྱིས་རོགས་འཛུགས་བྱས་པའི་ཧོར་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་ནི་ས་ཁུལ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོའི་བདེན་དཔང་ཡིན་པར་མ་ཟད། གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རྟེན་གལ་ཆེན་ཞིག་ཀྱང་ཡིན། མུ་མཐའ་བྲལ་བའི་རྩྭ་ཐང་ཆེན་མོའི་གཞི་རུ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་ནི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་འདྲ་བར། འབྲོག་པ་མང་ཚོགས་དག་གི་མདུན་བསྐྱོད་ཀྱི་བགྲོད་ལམ་གསལ་བར་བྱས་ཡོད་ལ། འབྲོག་པ་མང་ཚོགས་དག་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་བསྐྱོད་པར་སྣེ་ཁྲིད་བྱེད་བཞིན་ཡོད།


གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།