རྩེ་ཁོག་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་རོང་འབྲོག་མང་ཚོགས་ལ་དོན་བཟང་བསྒྲུབས།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་བཅའ་ཁྲིམས་རོགས་སྐྱོར་དང་། འགལ་རྩོད་འདུམ་འགྲིག འཕྲིན་བཅར་ཞབས་ཞུ་བཅས་གཞི་གཅིག་ཏུ་གྱུར་བའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དེ་ས་གནས་འབྲོག་དམངས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་། ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཞབས་ཞུ་ལྟེ་གནས་དེས་དོན་དངོས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། ཟོལ་མེད་ཀྱིས་འབྲོག་པ་མང་ཚོགས་ལ་དོན་དངོས་བསྒྲུབས་པ་དང་དཀའ་ཁག་སེལ་རོགས་བྱས་ཏེ། སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཡོད།

རྩེ་ཁོག་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་བཅའ་ཁྲིམས་རོགས་སྐྱོར་སྒེའུ་ཁུང་དུ་ནམ་རྒྱུན་བྲེལ་བ་ཆེ་ཡང་གོ་རིམ་ལྡན་པར་མངོན། གནས་དེར་ཉམས་མྱོང་ཕུན་སུམ་ཚོགས་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པ་དང་དང་བླངས་པ་སྐོར་ཞིག་འདུས་ཡོད་པ་དང་། ཁོ་ཚོས་སུན་པ་མེད་པར་འབྲོག་པ་མང་ཚོགས་ཀྱི་རེ་འདོད་ལ་ཉན་ཞིང་། ཆེད་ལས་ཀྱི་བཅའ་ཁྲིམས་བློ་འདྲི་དང་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། བཟའ་ཚང་བར་གྱི་རྩོད་གླེང་དང་ས་ཞིང་གི་ཁེ་དབང་གནད་དོན། དེ་མིན་ངལ་རྩོལ་གྱི་རྩོད་གླེང་སོགས་གང་ཡིན་ཡང་བཅའ་ཁྲིམས་རོགས་སྐྱོར་དཔུང་ཁག་གིས་དུས་ལྟར་ཕན་ནུས་ལྡན་པའི་སྒོ་ནས་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཐུབ་པ་དང་། འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་བཞིན་ཡོད། རྩེ་ཁོག་རྫོང་ཁྲིམས་འཛིན་ཅུའུ་མི་དམངས་འདུམ་འགྲིག་ལྟེ་གནས་ཀྱི་ལས་བྱེད་མི་སྣ་བསོད་ནམས་ཚེ་རིང་གིས་བཤད་རྒྱུར།

“ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འདི་ནི་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་དང་།རྩེ་ཁོག་རྫོང་ཁྲིམས་འཛིན་ཅུའུ་ཡི་མི་དམངས་འདུམ་འགྲིག་ལྟེ་གནས་དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། དེ་ལས་གཞན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། རྫོང་མི་དམངས་སྲིད་གཞུང་གི་ངོས་ཐད་ནས་ཁྲིམས་བཅར་གྱི་ལས་ཁུངས་བཅས་བསྡོམས་པས་ལས་ཁུངས་ལྔས་གྲུབ་པ་ཞིག་ཡིན། ང་རང་ཉིད་ལ་མཚོན་ན་རྩེ་ཁོག་རྫོང་ཁྲིམས་འཛིན་ཅུའུ་ཡི་མི་དམངས་འདུམ་འགྲིག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཞིག་ཡིན། སྤྱིར་མི་དམངས་འདུམ་འགྲིག་ཞེས་པ་དེ་ནི་དོ་བདག་དང་ཡང་ན་གྱོད་པ་དང་གྱོད་ཡ་གཉིས་རང་མོས་དང་རང་འཐད་ཡིན་པའི་རྨང་གཞིའི་སྟེང་། གཟི་བཤད་ཨུ་ཡོན་ལྷན་ཁང་ཞིག་གིས་མགོ་འཛིན་བྱས་ཏེ་འདུམ་འགྲིག་བྱེད་པའི་གྲོས་འཆམ་གྱི་ཡི་གེ་བཞག་པ་ཞིག་ལ་ཟེར། ང་ཚོའི་རྫོང་མི་དམངས་འདུམ་འགྲིག་ལྟེ་གནས་ལ་མཚོན་ན། རང་རྫོང་གི་ངོས་ཐད་ཀྱི་དམངས་ཁྲོད་ཀྱི་རྩོད་གཞི་གང་མང་ཞིག་ཡོད་པ་སྟེ། གཉེན་སྒྲིག་རྩོད་གཞི་དང་རྩྭ་སའི་རྩོད་གཞི་མང་བོ་ཞིག་ཡོད། དེ་མིན་ང་ཚོའི་འདུམ་འགྲིག་ལྟེ་གནས་འདིར་མཚོན་ན་རང་རྫོང་ལ་ས་གཞན་ནས་ཡོང་བའི་ལས་ཀ་བའི་ངལ་རྩོལ་གྱི་རྩོད་གཞི། ཡང་ན་རང་རྫོང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ས་གཞན་དུ་ལས་ཀར་སོང་བའི་གླ་ཆའི་རྩོད་གཞི་སོགས་ཀྱང་ངེད་འདུམ་འགྲིག་ལྟེ་གནས་ཀྱིས་འདུམ་འགྲིག་བྱས་པ་ཡིན། དེ་མིན་རྫོང་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་གྱིས་གཏུག་བཤེར་སྔོན་གྱི་བྱ་བ་བསྒྲུབ་ནས་ཁྲིམས་ཁར་འཇོག་རྒྱུ་ཁྲིམས་ལ་བཞག་ནས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པར་བྱས་ཏེ། རྒྱ་ཆེ་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད། ང་ཚོའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་སྤྱི་ཚོགས་བརྟན་བརླིང་དང་། མི་རིགས་མཐུན་སྒྲིལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་དག་གི་འཚོ་བ་དང་བདེ་སྐྱིད་ཀྱི་ཆེད་དུ་ཁྲིམས་ལུགས་ཀྱི་ངོས་ཐད་ནས་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་རྒྱུ་དེ་ཡིན།”

ཉེ་སྔོན་རྩེ་ཁོག་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་ནར་སོན་མེད་པའི་བྱིས་པའི་གཉོར་སྐྱོང་དབང་ཆའི་རྩོད་གླེང་གི་གྱོད་དོན་ཅིག་ཐག་གཅོད་བྱེད་སྐབས། འདུམ་འགྲིག་བྱེད་པའི་ཐབས་ལ་བརྟེན་ནས་ཕ་མའི་བར་གྱི་འགལ་བ་ཐག་གཅོད་བྱས་པ་དང་། བྱིས་པ་ཚོའི་གཉོར་སྐྱོང་དབང་ཆ་དང་སློབ་གསོ་མྱོང་བའི་དབང་ཆར་བཀོད་སྒྲིག་འོས་འཚམ་ཐོབ་པར་ཁག་ཐེག་བྱས། གྱོད་དོན་དེ་ལས་བཅའ་ཁྲིམས་རོགས་སྐྱོར་གྱི་དོན་དངོས་རང་བཞིན་མངོན་པར་མཚོན་ཡོད་པར་མ་ཟད། ཁྲིམས་འཛིན་གྱིས་དམངས་དོན་བསམ་པའི་དྲོད་ཁོལ་ལྡན་པའི་བརྩེ་སེམས་ཀྱང་མངོན་པར་མཚོན་ཡོད།

        འབྲོག་ཕྱོགས་ཀྱི་རྙོག་འཛིང་ཆེ་བའི་འགལ་རྩོད་ཀྱི་མདུན་ནས། རྩེ་ཁོག་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་འདུམ་འགྲིག་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། འགལ་རྩོད་གནད་དོན་དག་མགོ་འབུས་བྱུང་མ་ཐག་ནས་ཐག་གཅོད་བྱེད་པར་བརྩོན་ལེན་བྱས། ཞབས་ཞུའི་ལྟེ་གནས་དེར་ཆེད་དམིགས་ཀྱི་འགལ་རྩོད་འདུམ་འགྲིག་ཁང་བཀོད་སྒྲིག་བྱས་ཏེ་མི་དམངས་འདུམ་འགྲིག་པ་དང་ཁྲིམས་འཛིན་གྱི་ལས་བྱེད་མི་སྣ། བཅའ་ཁྲིམས་བློ་འདྲི་བ་བཅས་ཀྱིས་གྲུབ་པའི་འདུམ་འགྲིག་རུ་དཔུང་སྒྲིག་འཛུགས་བྱས་ཡོད་ལ། ཁོ་ཚོས་ཆེད་ལས་ཀྱི་ཤེས་བྱ་བེད་སྤྱོད་བྱས་ཤིང་། འབྲོག་ཕྱོགས་ཀྱི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་འདུམ་འགྲིག་བྱེད་ཐབས་སྤྱད་ནས། ཕན་ནུས་ལྡན་པའི་སྒོ་ནས་རུ་ཁ་ཁྱིམ་མཚེས་བར་དང་ཁྱིམ་ཚང་ནང་ཁུལ་གྱི་འགལ་རྩོད་མང་བོ་ཐག་གཅོད་བྱས། རྩེ་ཁོག་རྫོང་ཁྲིམས་ཁང་གི་གཏུག་ལེན་མི་སྣ་བསམ་འགྲུབ་སྒྲོལ་མས་བཤད་རྒྱུར།

       “གཏུག་བཤེར་ཞབས་ཞུ་ལྟེ་གནས་འདིར་མཚོན་ན།གྱོད་དོན་ཐོ་འགོད་མ་བྱས་སྔོན་དང་ཐོ་འགོད་རྗེས་ཀྱི་བྱ་བ་སྣ་གཉིས་ཡོད། གྱོད་དོན་ཐོ་འགོད་མ་བྱས་སྔོན་གྱི་བྱ་བ་ནི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འདིར་ཡོང་ནས་ཕྱོགས་གཉིས་ཀ་ཁྲིམས་དང་མཐུན་པ་དང་རང་དབང་རང་འཐད་ཀྱི་སྒོ་ནས་འདུམ་འགྲིག་ཡོང་བར་བྱ་རྒྱུ་དེ་ཡིན་ལ། འདུམ་འགྲིག་ཡོང་བའི་རྨང་གཞིའི་སྟེང་ཁྲིམས་ཁང་དུ་ཡོང་ནས་ཁྲིམས་འཛིན་ངོས་འཛིན་བྱེད་དགོས་པར་མ་ཟད། དེའི་ངོས་ཐད་ཀྱི་འགྲོ་ལུགས་སྒྲུབ་དགོས། གྱོད་དོན་ཐོ་འགོད་རྗེས་ལ་མཚོན་ན། སྐབས་འདིར་ཡང་གྱོད་དོན་འདུམ་འགྲིག་གི་གོ་སྐབས་ཤིག་ཡོད་པ་དང་། འདུམ་འགྲིག་མ་ཡོང་ན་ཁྲིམས་རར་ཚོགས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་སྟེ་ཁྲིམས་ཀྱིས་ཐག་གཅོད་བྱེད་དགོས། རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་དྲིལ་བསྒྲགས་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བཞག་གང་མང་ཞིག་བསྒྲུབས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་ལེགས་པོ་ཞིག་སྒྲུབ་བཞིན་ཡོད།”

དེ་ལས་གཞན་རྩེ་ཁོག་རྫོང་གིས་ད་རུང་གཅིག་འཐུས་ཅན་གྱི་འགལ་རྩོད་འདུམ་འགྲིག་སྟེགས་བུའི་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་དང་། ཕྱོགས་མང་བོའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་འགལ་རྩོད་དེ་ས་ཚིགས་གཅིག་ནས་དང་ལེན་དང་འདུམ་འགྲིག ཐག་གཅོད་བཅས་བྱེད་པ་མངོན་འགྱུར་བྱས། དེ་ལས་འདུམ་འགྲིག་གི་ཕན་ནུས་ཇེ་མཐོར་བཏང་བར་མ་ཟད། འབྲོག་པ་མང་ཚོགས་ཀྱི་ཞུ་གཏུག་གི་ཁུར་བོ་ཡང་ཇེ་ཡང་དུ་བཏང་ཡོད།

འཕྲིན་བཅར་བྱ་བ་ནི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། དམངས་ཀྱི་དཀའ་ཁག་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། རྩེ་ཁོག་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་འཕྲིན་བཅར་ཞབས་ཞུ་དེ་བྱ་བ་གཙོ་བོའི་གྲས་སུ་བཞག་པ་དང་། ཆེད་དམིགས་ཀྱི་འཕྲིན་བཅར་སྣེ་ལེན་སྒེའུ་ཁུང་བཀོད་སྒྲིག་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཁྲིམས་མཐུན་རེ་འདོད་ལ་དུས་ལྟར་ལན་འདེབས་པ་དང་ཐག་གཅོད་བཟང་བོ་བྱེད་པར་ཁག་ཐེག་བྱས།

ཞབས་ཞུའི་ལྟེ་གནས་དེའི་ལས་བྱེད་མི་སྣས་འགན་འཁྲིའི་འདུ་ཤེས་དྲག་པོ་བཅངས་ནས། དེར་ཡོང་བའི་མི་རེ་རེའི་རེ་འདོད་ལ་ནན་ཏན་གྱིས་ཉན་པ་དང་། ཁོ་ཚོའི་གནད་དོན་ལ་སུན་སྣང་མེད་པར་རྒྱས་བཤད་ནན་མོ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་དོན་དངོས་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་གང་ལེགས་བྱས། དེའི་ཞོར་དུ་འཕྲིན་བཅར་ཆ་འཕྲིན་གྱི་འཚོལ་སྡུད་དང་དབྱེ་ཞིབ་ལ་དོ་སྣང་བྱས་ནས། སྲིད་གཞུང་གི་ཐབས་ཇུས་ཐད་རིན་ཐང་ལྡན་པའི་ཁུངས་ལུང་འདོན་སྤྲོད་བྱས་ཡོད། རྩེ་ཁོག་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ལས་རོགས་པ་ལྷ་མོ་སྒྲོལ་མས་བཤད་རྒྱུར།

“བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་བྱ་བ་གཙོ་བོ་ནི་བཅའ་ཁྲིམས་སྐོར་གྱི་ཡིག་རིགས་སྣ་ཚོགས་འབྲི་རྒྱུ་དེ་རེད།ཡིག་རིགས་ཀྱི་ནང་དུ་དམངས་དོན་གཏུག་བཤེར་སྐོར་གྱི་ཡི་གེ བཙན་ཤེད་ལག་བསྟར་ཡི་གེ་ཡར་ཞུ་བྱེད་རྒྱུ་དང་།   དམངས་དོན་སྐོར་གྱི་ངོ་ཚབ་ཡི་གེ་སོགས་སྣ་ཚོགས་ཤིག་འབྲི་བཞིན་ཡོད། 2024ལོར་མཚོན་ན་ང་ཚོའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བཅའ་ཁྲིམས་ཀྱི་ཡིག་རིགས་ཚབ་འབྲི་བྱས་པའི་ཁ་གྲངས་ཡིན་ན་སུམ་བརྒྱ་དང་ཞེ་དགུར་བུད་ཡོད་ཅིང་། གྱོད་དོན་བརྒྱ་དང་བཅོ་ལྔར་ཁྲིམས་རྩོད་པ་བཀོད་སྒྲིག་བྱས་ཤིང་། མ་དངུལ་ཕྱིར་ལོན་ཐད་ནས་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་དང་འབུམ་བདུན་ཙམ་ཕྱིར་ལོན་ཡོད། མ་མཐའི་འཚོ་བའི་ཁ་གསབ་དང་དབུལ་ཁྱིམ། ངལ་རྩོལ་པ། ནར་མ་སོན་པའི་བྱིས་པ། ལོ་ལོན་རྒན་པ་ལོ་དྲུག་ཅུའི་ཡན་གྱི་རིགས་ལ་ཁྲིམས་རྩོད་པ་བཀོད་སྒྲིག་བྱས་ན་ཆོག  དེ་མིན་ང་ཚོས་དུས་རྒྱུན་དུ་སློབ་གྲྭ་དང་ལས་ཀ་ལས་ཡུལ་སོགས་སུ་སོང་སྟེ། ཁྲིམས་རྩོད་པ་སོགས་ཁྲིད་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ་ཡིན། ལས་ཀ་ལས་ཡུལ་དུ་གཙོ་བོར་ངལ་རྩོལ་པའི་གླ་ཆ་ལོན་གྱིན་མེད་པའི་གནད་དོན་དང་ངལ་རྩོལ་པའི་བདེ་འཇགས་སྐོར་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱ་རྒྱུ་གཙོར་བཟུང་ཡོད།”

རྩེ་ཁོག་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་དང་འགལ་རྩོད་འདུམ་འགྲིག འཕྲིན་བཅར་ཞབས་ཞུ་བཅས་གནད་དུ་བཟུང་སྟེ། འབྲོག་པ་མང་ཚོགས་ལ་ཕྱོགས་མང་བོ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། རིགས་སོ་སོའི་མང་ཚོགས་དག་འཆམ་མཐུན་མཉམ་གནས་ཡོང་བར་ནུས་པ་བླ་ལྷག་ཏུ་ཐོན་ཡོད་པས། གནས་དེ་ནི་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་རྒྱབ་རི་བརྟན་པོར་གྱུར་ཡོད་པར་མ་ཟད། འབྲོག་པ་མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་བྱེད་སའི་གནས་གལ་ཆེན་ཞིག་ཀྱང་ཡིན། མ་འོངས་པར་རྩེ་ཁོག་རྫོང་གིས་མུ་མཐུད་དུ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུན་ཆད་མེད་པར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས། འབྲོག་པ་མང་ཚོགས་ལ་སྔར་ལས་འཆམ་མཐུན་དང་གཏན་འཇགས། བདེ་སྐྱིད་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་ཐུབ་ངེས་རེད།


གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།