ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་གཏེར་ཆུ་སྡེ་བས་ཕྱུགས་ལས་མཉམ་ལས་ཁང་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་བུ་བཙལ།
2024.11.14 ཁུངས། ཀློག་གྲངས། 1

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་གཏེར་ཆུ་སྡེ་བས་ཕྱུགས་ལས་མཉམ་ལས་ཁང་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་བུ་བཙལ།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོ་གཏེར་ཆུ་སྡེ་བ་ནི་ཆུ་དམར་ལེབ་རྫོང་གི་ཤར་ལྷོའི་མཚམས་སུ་ཡོད་ཅིང་། གནས་འདིར་རྩྭ་ཆུ་འཛོམས་ལ་གནམ་གཤིས་དང་ཡུལ་བབ་གང་གི་ཆ་ནས་བཤད་ན་ཕྱུགས་ལས་འཚོ་སྐྱོང་བྱེད་པར་ཧ་ཅང་འཚམ་པའི་དབང་གིས།གཏེར་ཆུ་སྡེ་བས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། གཞི་རིམ་བཅོས་སྐྱོང་གི་ཏང་འཛུགས་སྣེ་འདོམས་ནུས་པ་སྔར་ལས་ཇེ་བརྟན་དུ་བཏང་ནས། ཐོན་ཁུངས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་སྟངས་ཆེས་ལེགས་ཤོས་མངོན་འགྱུར་བྱེད་པར་རྩེ་གཅིག་ཏུ་འབད་དེ། སྡེ་བ་ཡོངས་ཀྱི་མང་ཚོགས་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཐོན་ཁུངས་མ་རྩ་རུ་བསྒྱུར་བ་དང་མ་རྩ་མ་རྐང་དུ་བསྒྱུར་བ། འབྲོག་པ་མ་རྐང་གི་བདག་པོ་རུ་བསྒྱུར་རྒྱུ་བཅས་ཀྱི་བླང་བྱ་ལྟར་དུ། གཏེར་ཆུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡིས་བསམ་བློ་ཞིབ་མོ་བཏང་སྟེ།  ཏང་ཡོན་ཚོགས་ཆེན་དང་མང་ཚོགས་ཚོགས་ཆེན་སོགས་ཀྱི་ཐབས་ཤེས་བརྒྱུད་ནས་བསམ་འཆར་བསྡུ་ལེན་གང་མང་བྱས་པ་དང་། བསྡུ་ལེན་བྱས་ནས་གཅིག་མཐུན་བྱུང་བའི་བསམ་འཆར་དེ་དག་འབའ་དགོན་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་ལ་ཡུར་ཞུ་བྱས་ཏེ་གོང་རིམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད།2022ལོའི་ཟླ1པར། གཞི་ནས་གཏེར་ཆུ་སྡེ་བའི་འབྲོག་དམངས་ཡོངས་མ་རྐང་ནང་ཞུགས་ཐུབ་པའི་ཕྱུགས་ལས་མཉམ་ལས་ཁང་ཞིག་དངོས་སུ་བཙུགས་པ་དང་2023ལོའི་ཟླ7པར་དངོས་སུ་གཉེར་མགོ་བརྩམས་པ་རེད།

དེང་སྐབས་སྡེ་མི2202རང་འགུལ་ངང་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད་ལ། མཉམ་ལས་ཁང་འདི་རུ་མ་མོ1100དང་ཁྲོམ60། ནོར་གནག1360ཡོད། མ་རྐང་ནང་ཞུགས་པའི་རྩྭ་ར་བེད་སྤྱོད་གང་ལེགས་བྱས་ནས་མཉམ་ལས་ཁང་གི་ཕན་འབྲས་ཆེ་རུ་གཏོང་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མ་རྐང་ནང་ཞུགས་པའི་མ་དངུལ་དང་དངུལ་བུན་བསྐྱིས་མ་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཉིས་གཅིག་སྡུད་བྱས་ཏེ། ཆུ་དམར་ཡུལ་ཚོ་ངམ་རྭ་སྡེ་བ་ནས་འབྲོང་ཚ320(དེའི་ནང་རྒྱུད་སྤེལ་ཐུབ་པའི་མོ་ཕྱུགས100དང་མོ་ཕྱུགས་རེར་སྒོར་ཁྲི2བྱིན་ནས་ཉོས་པ་དང་སོ་གཉིས་ཅན་གྱི་རྒྱུད་བཟང་འབྲོང་ཚ 220ཉོས་པ་དང་འབྲོང་ཚ་རེར་སྒོར6000བྱིན་ནས་ཉོས་པ་རེད།)ཉོས་པ་རེད། ད་ལོར་སྒོར་འབུམ་དྲུག་ལྷག་མ་རྐང་ནང་ཞུགས་པའི་འབྲོག་པ་མང་ཚོགས་ལ་བགོ་བཤའ་བརྒྱབ་ཡོད།

མ་འོངས་པར་གཏེར་ཆུ་སྡེ་བའི་མཉམ་ལས་ཁང་གིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ནས། ནོར་གནག་གི་བཤས་ཤུགས་ཆེ་རུ་གཏོང་བ་དང་ནོར་གནག་རྒྱུད་བཟང་གསོ་སྤེལ་ལུགས་མཐུན་བྱེད་པ། ལྷད་མེད་སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་སྐྱེད་གཏོང་བ། འབྲོག་པ་མང་ཚོགས་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་སྣེ་ཁྲིད་བཅས་བྱེད་རྒྱུ་རེད།

ཆུ་དམར་ལེབ་རྫོང་གིས་ས་གནས་འབྲོག་ལས་ཐོན་ལས་ཀྱི་ཁྱད་འཕགས་དགེ་མཚན་དེ་བེད་སྤྱད་ནས། རྫོང་ཧྲིལ་བོའི་ཁྱབ་ཁོངས་སུ་འབྲོག་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཤུགས་བསྣན་ནས། ཕྱུགས་རྒྱུད་ལེགས་འདེམས་དང་ཕྱུགས་ལས་ཐོན་རྫས་སྣ་ཚོགས་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་མ་ཟད། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དེ་འབྲོག་ལས་ཐོན་ལས་ཀྱི་ཁྲོད་དུ་དངོས་འབེབས་བྱས་ནས། མཐོ་སྒང་གི་འབྲོག་ལས་ཀྱིས་མཚོ་སྔོན་གསར་བའི་འཕེལ་རྒྱས་ལ་གཟི་དཔལ་གསར་པ་ཞིག་བསྣན་དང་སྣོན་བཞིན་འདུག

གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།