རྨ་སྟོད་རྫོང་གིས་འཚོ་བའི་གད་སྙིགས་ཐོན་ཁུངས་སུ་བསྒྱུར།
2024.11.14 ཁུངས། ཀློག་གྲངས། 4

《མགོ་ལོག་ཁུལ་གྱི2020ལོའི་ཁུལ་ཁོངས་ཡོངས་སུ་གད་སྙིགས་གཅིག་ཀྱང་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་འཆར་འགོད》ལྟར་དུ། མགོ་ལོག་ཁུལ་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་སྤྱིའི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་བཏང་ནས་ཁུལ་ཡོངས་སུ་འཚོ་བའི་གད་སྙིགས་གཙང་སེལ་བཟོ་གྲྭ་བརྒྱད་འཛུགས་སྐྲུན་བྱས་པ་རེད། 2020ལོའི་ཟླ10པའི་ཚེས15ཉིན་གད་སྙིགས་གཙང་སེལ་བཟོ་གྲྭ་བསྐྲུན་རྒྱུ་ཐག་བཅད་པ་དང་།2020ལོའི་ཟླ10པའི་ཚེས18ཉིན་དངོས་སུ་ལས་འགོ་བརྩམས་ཏེ། ད་ལྟ་དངོས་སུ་འཁོར་སྐྱོད་བྱེད་བཞིན་ཡོད།   རྨ་སྟོད་རྫོང་གི་འཚོ་བའི་གད་སྙིགས་གཙང་སེལ་བཟོ་གྲྭ་དེ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་དུ་གནས་ཤིང་། གད་སྙིགས་གཙང་སེལ་བཟོ་གྲྭ་འདིས་ཉིན་རེར་གད་སྙིགས་ཏུན10གཙང་སེལ་བྱེད་ཐུབ་པ་དང་། བཟོ་གྲྭ་འདིས་དྲོད་ཚད་མཐོ་བའི་ཚ་ནུས་ལག་རྩལ་སྤྱད་དེ་གད་སྙིགས་གཙང་སེལ་བྱས་ན། གཞི་ནས་འབར་ཐུབ་པའི་སོལ་རླངས་དང་སླར་སྐྱེས་རུང་བའི་འབར་སྣུམ། འབར་ཐུབ་པའི་སོལ་པའི་ཞོར་ཐོན་དངོས་རྫས་བཅས་ཐོན་གྱིན་ཡོད་པར་བརྟེན། ཕྱི་ནས་འབར་རྫས་ཉོ་སྒྲུབ་བྱེད་མི་དགོས་པར་མ་ཟད། ད་དུང་འབར་རྫས་དང་ཞོར་ལས་ཐོན་རྫས་ཕྱིར་བཙོང་བྱས་ནས་ཡོང་འབབ་འཚོལ་ཐུབ་པའི་དབང་གིས། ལས་གཉེར་གྱི་མ་གནས་ཇེ་དམའ་རུ་གཏོང་ཐུབ།

གད་སྙིགས་གཙང་སེལ་བཟོ་གྲྭ་འདིས་དེང་རབས་ཀྱི་མ་ལག་ཆ་ཚང་བའི་སྒྲིག་ཆས་སྤྱད་དེ་གད་སྙིགས་བེད་མེད་དུ་གྱུར་བ་རྣམས་སླར་ཡང་སྤྱོད་སྒོ་ཆེ་བ་ཅན་དུ་བསྒྱུར་ཐུབ་པ་དང་། དུས་མཚུངས་སུ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ངེས་ཅན་བསྐྲུན་ཏེ། “གད་སྙིགས་ཐག་གཅོད་བྱེད་ཤེས་ན་ཐོན་ཁུངས་ཡིན”ཞེས་པའི་སྐད་ཆ་དེ་བདེན་པ་ཡིན་པ་ར་སྤྲོད་བྱས། གད་སྙིགས་གཙང་སེལ་བཟོ་གྲྭ་འདི་དངོས་སུ་འཁོར་སྐྱོད་བྱས་པ་དེས། གད་སྙིགས་གནོད་མེད་ཅན་དང་ཉུང་འཕྲི་ཅན། ཐོན་ཁུངས་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མངོན་འགྱུར་བྱུང་ཡོད། 

གད་སྙིགས་གཙང་སེལ་བཟོ་གྲྭ་འདི་དངོས་སུ་འཁོར་སྐྱོད་བྱས་པའི་དབང་གིས། རྨ་སྟོད་རྫོང་གི་ཁོར་ཡུག་གི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་དང་། རྫོང་མཁར་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་གད་སྙིགས་ཐག་གཅོད་བྱེད་སྟངས་དེ། སྔོན་གྱི་སྲོལ་རྒྱུན་རྣམ་པའི་གད་སྙིགས་ས་འོག་ཏུ་འཇུག་པ་དང་མེ་ལ་བསྲེགས་ཏེ་མེད་པར་གཏོང་བ་ཅན་ནས་ད་ལྟའི་ཅུང་སྔོན་ཐོན་ཡིན་པའི། འཚོ་བའི་གད་སྙིགས་ཉུང་གཏོང་ཅན་དང་གནོད་མེད་ཅན། ཐོན་ཁུངས་ཅན་བཅས་སུ་བསྒྱུར་ཏེ། རྨ་སྟོད་རྫོང་གི་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དམིགས་འབེན་མངོན་འགྱུར་བྱས།

གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།