ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་དང་རིག་གནས་ཐོན་ལས་དར་སྤེལ། ཡུལ་སྐོར་ཐོན་རྫས་སྣ་མང་ཕུན་ཚོགས་ཅན་དུ་གཏོང་བར་དམིགས་ཏེ། ཚོང་ཁྲོམ་ཡོངས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཡུལ་སྐོར་ཐོན་རྫས་མཁོ་འདོན་བྱེད་སྟངས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་པའི་དུས་མཚུངས་སུ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་དང་ཁྱད་པར་དུ་འཚེམ་བཟོ་ལག་ཤེས་ཚོང་རར་བསྐྱོད་པའི་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད།
ཡུས་ཧྲུའུ་ཁུལ་གྱིས“སྤུས་ལེགས་ཐོན་རྫས་དང་ཁྱད་ཆོས་ལྡན་པ། རྩེར་སོན་ཅན”བཅས་ཀྱི་ཚོང་ཁྲོམ་འཕེལ་རྒྱས་གཏོང་བར་དམིགས་ཏེ། གྲོང་གསེབ་ཀྱི་ཐོན་རྫས་དང་མི་རིགས་ཀྱི་ལག་ཤེས། ཡུལ་ཁམས་རིག་གནས་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ཚོང་ཁྲོམ་ཐོན་རྫས་གསར་སྤེལ་དང་ས་མཐོའི་ཚོང་ཁྲོམ་གྱི་འགུག་ཤུགས་སྔར་ལས་ཆེ་རུ་བཏང་བ་ལས་གཞན། གྲོང་ཁྱེར་ཧྲིལ་བོའི་ཚོང་ཁྲོམ་ཡུལ་སྐོར་གྱི་ལས་རིགས་གསར་པ་གསོ་སྐྱོང་བྱས་ཏེ། སྲོལ་རྒྱུན་ལག་ཤེས་དང་ཚོང་ཁྲོམ་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲུབ་འབྲས་ཡག་པོ་བླངས་ཡོད།
ཡུས་ཧྲུའུ་ཡི་ཚོང་ཁྲོམ་གཉེར་སྟངས་གསར་པ་འདིས་ཚོང་རྒྱག་མཁན་གྱི་ཁྱིམ་ཚང་རེ་རེར་བརྟན་འཇགས་ཀྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་བསྟན་པ་དང་། ལག་ཤེས་པའི་ཁྱིམ་ཚང་རེ་རེར་འབྱོར་འབྲིང་གི་གསེར་གྱི་ཕོར་བ་རེ་སྦྱིན་པར་མ་ཟད། ཚོང་ཁྲོམ་ནང་གི་ཚོང་གཉེར་བྱེད་མཁན་དང་ལག་ཤེས་བཟོ་པ་ཚང་མ་མུ་མཐུད་དུ་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་བསྐྱོད་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།
ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། བོད་ཀྱི་འཚེམ་བཟོ་ལག་རྩལ་རྒྱུན་འཛིན་ལ་གསོན་ཤུགས་ཆེན་པོ་རྒྱས་ཏེ་འཕེལ་རྒྱས་གང་འཚམ་བྱུང་ནས། བོད་ལྭ་ཡི་སྤྱོད་རྒྱ་སྔར་ལས་ཆེ་རུ་ཕྱིན་ཡོད་ཅིང་། ཁྱད་པར་དུ་ས་གནས་ཡུལ་སྐོར་ཐོན་རྫས་མང་པོར་ཕྱི་ཡོང་ཡུལ་སྐོར་པས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་དབང་གིས། ཡུས་ཧྲུའུ་གྲོང་ཁྱེར་གྱི་ལག་ཤེས་བཟོ་རྩལ་པ་དང་ཚོང་ཁྲོམ་དུ་ཚོང་གཉེར་བྱེད་མཁན་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱུང་དང་འབྱུང་བཞིན་ཡོད།
གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།