རྭ་རྒྱ་གྲོང་རྡལ་ཙན་གུ་སྡེ་བའི་གླ་གསོ་མཉམ་ལས་ཁང་གིས་ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།
2024.11.14 ཁུངས། ཀློག་གྲངས། 3

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཙན་གུ་སྡེ་བའི་གླ་གསོ་མཉམ་ལས་ཁང་གིས་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབས་བྱས་ཏེ། གོང་རིམ་གྱི་མ་དངུལ་བརྩོན་ལེན་བྱས་ནས་གླ་བའི་ཐོན་ལས་མཉམ་ལས་ཁང་ཞིག་བཙུགས་ཤིང་། མཉམ་ལས་ཁང་དེས་སྲིད་གཞུང་གི་འབྲེལ་ཡོད་སྡེ་དག་གི་ཆོག་མཆན་བཀོད་པ་བརྒྱུད་ནས། སྐྱེ་ཁམས་ཐོན་རྫས་གསར་སྐྲུན་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་སྤྱོད་ཡོན་གཉིས་ལྡན་གྱི་ཐབས་ཤེས་ལ་བརྟེན་ནས། ཐོན་རྫས་རིགས་ལྔ་བཟོས་ཤིང་། ཐོན་རྫས་དེ་དག་ཞིང་ཆེན་ཕྱི་ནང་ཀུན་ལ་ཕྱིར་བཙོང་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་གསར་བ་ཞིག་རྙེད་འདུག

རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙན་གུ་སྡེ་བའི་གླ་གསོ་མཉམ་ལས་ཁང་ནི་རྨ་ཆེན་རྫོང་གི་བྱང་ཤར་རྒྱུད་ཀྱི་རྫོང་མཁར་དང་བར་ཐག་སྤྱི་ལེ10མཚམས་སུ་ཡོད། རྨ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གྲོས་འགོ་བཏོན་པ་དང་རྒྱབ་སྐྱོར་ཆེན་པོ་བྱས་པའི་འོག་ཏུ། ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་པ་བརྒྱུད། གཞི་ནས2020ལོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས་དངོས་སུ་བཙུགས་པ་ཞིག་ཡིན། གླ་གསོ་མཉམ་ལས་ཁང་འདིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ4700ཡོད་ཅིང་། དེ་གཙོ་བོ་གླ་གསོ་ར་བ་དང་སྨན་བཅོས་ཁང་། གཟན་ཆས་ཁང་། གཞུང་སྒྲུབ་ཁང་། ལས་བཟོ་པའི་ཉལ་ཁང་། བརྙན་མིག་ཁང་བཅས་ཀྱིས་གྲུབ་ཡོད། 

དེང་སྐབས་གསོ་སྤེལ་རྟེན་གཞི་འདིས་གླ་བ134ལྷག་གསོས་ཡོད་ཅིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། གླ་བའི་རིལ་མ་རྒྱུ་ཆ་ཡིན་པའི་སྔས་འབོལ་དང་བསྙེས་འབོལ་སོགས་བཟོས་ཤིང་། བོད་ལུགས་གསོ་རིག་ཀྱི་རྩ་བའི་རིགས་པ་གཞིར་བཟུང་ནས་ལུས་ཕུང་བདེ་སྲུང་གི་ཕན་ནུས་ལྡན་པའི་ཐོན་རྫས་དེ་དག་ཕྱིར་བཙོང་བྱས་པ་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་ཡོང་འབབ་བླ་ལྷག་གིས་འཕར་འདུག 

རྨ་ཆེན་རྫོང་ཙན་གུ་སྡེ་བའི་ཐོན་ལས་མཉམ་ལས་ཁང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དར་སྤེལ་ཟུང་དུ་འབྲེལ་བའི་ཐབས་ལམ་ལ་བརྟེན་ནས། སྡེ་བའི་ངལ་རྩོལ་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་པར་མ་ཟད། ས་གནས་དཔལ་འབྱོར་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཆས་པར་སྐུལ་ཁྲིད་ཀྱི་ནུས་པ་བླ་ལྷག་ཐོན་འདུག 

གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།